དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མདའ་འབབ་ཤང་མདའ་འབབ་གྲོང་ཚོ། དྲུ་རོང་གསེབ་ཀྱི་བདེ་སྐྱིད་ལྡན་པའི་གླུ་དབྱངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-16

    ཉེ་བའི་ལོ་ཤས་རིང་ཏང་དང་སྲིད་གཞུང་གི་རོགས་སྐྱོར་ཤུགས་ཆེན་འོག མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མདའ་འབབ་ཤང་མདའ་འབབ་གྲོང་ཚོའི་རྣམ་པ་དེ་བས་མཛེས་སུ་དང་མི་སེར་གྱི་འཚོ་བ་དེ་བས་ཕྱུག་ཏུ་ཕྱིན། གྲོང་ཚོའི་བྱང་ཕྱོགས་སུ་ཡོད་པའི་དྲུ་རོང་སྟེང་འགྱིང་ངེར་གནས་པའི་མདའ་འབབ་གནའ་ཤུལ་འདིས་གྲོང་ཚོ་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བའི་དཔང་པོ་བྱེད་བཞིན་མཆིས།

    ཟླ་བ་སྒྲོལ་མ། ཁྱིམ་ཚང་མགྲོན་ཁང་གི་ཚོང་ཡག་པ།

    མདའ་འབབ་གྲོང་ཚོར་སྐྱོད་སྐབས་ཨར་འདམ་ལམ་དུད་ཚང་ཚང་མའི་སྒོ་རྩ་བར་བསྐྲུན་ཡོད། མདའ་གཡབ་དམར་པོ་དང་གྱང་སེར་པོ་ཡིན་པའི་ཡུལ་མིའི་བོད་བཟོའི་སྡོད་ཁང་དག་ཉི་འོད་འོག་ཏུ་དྲོ་སྐྱིད་ཤིན་ཏུ་ཆེ་བ་ལྟར་སྣང་། དེའི་ཁྲོད་ཀྱི་མངོན་གསལ་དོད་པའི་ཐོག་ཁང་དཀར་པོ་དེ་ནི་ཟླ་བ་སྒྲོལ་མའི་ཁྱིམ་ཚང་མགྲོན་ཁང་རེད།

    གསར་འགོད་པ་འབྱོར་སྐབས་ཡུལ་སྐོར་བ་ཁག་གཅིག་བསྡུ་གསོག་བརྒྱབ་ནས་ཐོན་གྲབས་བྱེད་ཅིང་། ཁ་ས་འཁྲུག་ཆ་ཧ་ཅང་དོད་པའི་ཁྱིམ་ཚང་མགྲོན་ཁང་འདི་ད་ལྟ་ཡུད་ཙམ་ཞིག་ལ་ཁ་ཁུ་སིམ་པོར་གྱུར། སྦྱིན་བདག་ཟླ་བ་སྒྲོལ་མས་མ་ལག་བདེ་པོས་རས་གདན་བརྗེ་བ་དང་། གད་རྒྱག་པ། ཅ་དངོས་བསྡུ་གསོག་རྒྱག་པ་བཅས་བྱས་ནས་ཡུལ་སྐོར་བ་རྗེས་མར་བསུ་བ་ཞུ་རྒྱུའི་གྲབས་བྱས།

    འདི་ལོ་ལོ་50ལ་སླེབས་པའི་ཟླ་བ་སྒྲོལ་མ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་མདའ་འབབ་བ་ཞིག་རེད། ཁྱིམ་ཚང་མགྲོན་ཁང་མ་བཙུགས་གོང་འབྲོག་ལས་རྐྱང་པའི་ཟླ་བ་སྒྲོལ་མའི་ཁྱིམ་གྱིས་འཚོ་བ་འབྲོག་ལས་ལ་བརྟེན་ཞིང་། 2003ལོར་ཟླ་བ་སྒྲོལ་མ་གཉེན་སྒྲིག་བྱས་རྗེས་བསགས་དངུལ་སྒོར་ཁྲི་6ལྷག་ཙམ་ཡོད་པ་ཚང་མ་བཏང་ནས་གྲོང་ཚོའི་ནང་ཇ་ཁང་ཞིག་བཙུགས། དེ་ནས་རང་ཉིད་ཀྱིས་ཧུར་ཐག་འབད་ཐག་བྱས་པས་ཇ་ཁང་གི་ཚོང་ཇེ་ཡག་ཏུ་སོང་ཡོད།

    “ཇ་ཁང་གི་ཚོང་ད་བར་ཡག་པོ་ཡོད། ཇ་འཐུང་བར་ཡོང་མཁན་ཧ་ཅང་མང་པོ་ཡོད་པའི་ནང་མང་ཆེ་བ་ནི་ས་ཆ་གཞན་ནས་ཡོང་བའི་ཡུལ་སྐོར་བ་དང་གླ་པ་རེད། ཇ་ཁང་གཉེར་སྐྱོང་བྱེད་རིང་གྲོང་ཚོར་འགྲུལ་ཁང་ཡོད་མེད་སྐོར་འདྲི་མཁན་མང་པོ་འདུག དེས་ན་ང་རང་ལ་མགྲོན་ཁང་ཞིག་འཛུགས་རྒྱུའི་བསམ་ཚུལ་བྱུང་། ནང་མི་དང་གྲོས་བསྡུར་བྱས་རྗེས་2008ལོར་མདའ་འབབ་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་དང་པོ་དེ་བཙུགས་པ་ཡིན”ཞེས་ཟླ་བ་སྒྲོལ་མས་བཤད།

    ཟླ་བ་སྒྲོལ་མས་ཁྱིམ་ཚང་མགྲོན་ཁང་བཙུགས་པའི་ཐོག་མའི་དུས་སུ་འགྲུལ་ཁང་ཁང་མིག་གཉིས་རང་ལས་མེད། དགུན་ཁ་ཤར་སྐབས་ཐབ་བཏང་ནས་དྲོད་ཁུག་ཐབས་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་བྱུང་། ཁྱིམ་ཚང་མགྲོན་ཁང་འཛུགས་ཐེངས་དང་པོ་ཡིན་པས། ཟླ་བ་སྒྲོལ་མར་མགྲོན་ཁང་གི་ཡོང་འབབ་ཐད་ལ་སེམས་ཁྲལ་བྱུང་མོད། འོན་ཀྱང་ལོ་དང་པོར་མགྲོན་ཁང་ལས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་བྱུང་བ་དང་དེ་རྗེས་ལོ་རེ་བཞིན་འཕར་བ་དང་བསྟུན་ནས། ཁྱིམ་ཚང་མགྲོན་ཁང་མུ་མཐུད་གཉེར་རྒྱུའི་ཟླ་བ་སྒྲོལ་མའི་ཆོད་སེམས་ཀྱང་བརྟན་དུ་སོང་།

    2021ལོའི་ཟླ་8པར་ཟླ་བ་སྒྲོལ་མའི་ཁྱིམ་གྱིས་ཁྱོན་སྒོར་ཁྲི་100ལྷག་ཙམ་བཏང་ནས་སྨི་ངོས་གྲུ་300ལྷག་ཙམ་ཡོད་པའི་ཁང་པ་གསར་པ་བརྒྱབ་ཅིང་། ཁྱིམ་ཚང་མགྲོན་ཁང་ཡང་ཁང་མིག་4བར་རྒྱ་སྐྱེད་བཏང་བ་དང་ཆབས་ཅིག ཇ་ཁང་དང་ཚོང་ཁང་ཡང་མུ་མཐུད་གཉེར་སྐྱོང་བྱས། ད་ཆ་ཟླ་བ་སྒྲོལ་མའི་ཁྱིམ་གྱིས་ད་དུང་རྐོ་འདྲུ་འཕྲུལ་འཁོར་དང་ས་བླུག་འཕྲུལ་འཁོར་ཡང་ཉོས། ཟླ་བོ་བསྟན་ལྷས་ཀྱང་ཨར་ལས་རུ་ཁག་གཅིག་བཙུགས་པར་ཡོང་འབབ་ཡག་པའི་དུས་སུ་ལོ་རེར་སྒོར་ཁྲི་40ལྷག་ཙམ་ཟིན། “འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་ཡི་འདུག”ཅེས་ཟླ་བ་སྒྲོལ་མས་འཛུམ་དམུལ་དམུལ་ངང་བཤད།

    བསྟན་ལྷ། མང་ཚོགས་ཀྱི་སྣེ་ཁྲིད་ནས་ཕྱུག་པོའི་ལམ་དུ་སྐྱོད་པ།

    ཟླ་བ་སྒྲོལ་མའི་ཇ་ཁང་ནང་ནས་གསར་འགོད་པས་ཁོ་མོའི་ཟླ་བོ་བསྟན་ལྷ་འཕྲད་བྱུང་། བསྟན་ལྷ་ནི་གྲོང་ཚོའི་ཞིང་འབྲོག་པའི་ཨར་ལས་རུ་ཁག་གི་འགན་འཁུར་བ་རེད་འདུག

    བསྟན་ལྷ་ནི་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་ནས་ཡིན་པ་དང་། 2002ལོར་ཁོ་པས་ཨར་ལས་རུ་ཁག་དང་མཉམ་དུ་མདའ་འབབ་གྲོང་ཚོར་ཡོང་ཞིང་། ཤིང་བཟོར་མཁས་པས་དེ་གར་འཕེལ་རྒྱས་ཡག་པོ་བྱུང་། 2003ལོར་ཁོ་པ་དང་ཟླ་བ་སྒྲོལ་མ་གཉེན་སྒྲིག་བྱས་རྗེས་མདའ་འབབ་གྲོང་ཚོར་གཞིས་ཆགས།

    ཨར་ལས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་བསྟན་ལྷས་མདའ་འབབ་གྲོང་ཚོར་འཚོ་བ་བསྐྱལ་བའི་ལོ་ཉི་ཤུ་ལྷག་ཙམ་རིང་རང་གིས་འཇོན་པའི་ཨར་ལས་བྱས་ཤིང་། ཁོ་པས་ལྷ་ས་ནས་འདྲུད་འཐེན་འཕྲུལ་འཁོར་དང་། རླངས་འཁོར་ཆེ་གྲས། ས་བླུག་འཕྲུལ་འཁོར་སོགས་སྔ་རྗེས་སུ་ཉོས་ཏེ། རྟག་ཏུ་རྩྭ་མདའ་རྫོང་གི་འཛུགས་སྐྲུན་ལས་ཡུལ་ཁག་ཏུ་ཨར་པོའི་ལས་ལ་ཞུགས། 2016ལོར་ཁོ་པས་མདའ་འབབ་གྲོང་ཚོའི་ཞིང་འབྲོག་པའི་ཨར་ལས་རུ་ཁག་བཙུགས། རྣམ་གྲངས་བརྩོན་ལེན་བྱས་པ་བརྒྱུད་མདའ་འབབ་གྲོང་ཚོའི་ཞིང་འབྲོག་མང་ཚོགས་དེ་བས་མང་བར་གཞི་རྩའི་ཨར་ལས་ལག་རྩལ་བསླབས་ནས་ཐུན་མོང་ཐོག་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས།

    “མིག་སྔར་ངའི་ཨར་ལས་རུ་ཁག་ཏུ་མདའ་འབབ་གྲོང་ཚོའི་མང་ཚོགས་16ཡོད་པ་དང་དེ་བཞིན་རྐོ་འདྲུ་འཕྲུལ་འཁོར་2དང་། ས་བླུག་འཕྲུལ་འཁོར་3 རླངས་འཁོར་ཆེ་ཆུང་མི་འདྲ་བ་4བཅས་ཡོད། ན་ནིང་ཨར་ལས་རྣམ་གྲངས་2འགན་གཙང་བླངས་པར་ཁྱོན་ཡོང་འབབ་སྒོར་ཁྲི་189ལྷག་ཙམ་བྱུང་། གྲོང་ཚོའི་གཏན་འབེབས་ལྟར་ཡོང་འབབ་བསྡོམས་འབོར་གྱི་5%གྲོང་ཚོའི་མཉམ་སྡེབ་ལ་སྤྲད་པ་དང་བགོ་འགྲེམས་སྒོར་ཁྲི་12ལྷག་ཙམ་བརྒྱབ་པ་ཡིན”ཞེས་བསྟན་ལྷས་གསར་འགོད་པར་བཤད།

    ཚེ་རིང་སྟོབས་རྒྱལ། བཞོན་མ་གསོ་སྤེལ་བྱས་ནས་ཐོན་ལས་དར་རྒྱས་གཏོང་བ།

    ས་སྲོས་མཚམས་སུ། གསར་འགོད་པ་མདའ་འབབ་གྲོང་ཚོའི་ཚོགས་ཆུང་གསུམ་པར་འབྱོར། རྩྭ་ཆུ་འཛོམས་པའི་རྩྭ་ར་དང་ནུབ་ཁའི་ཉི་འོད་འཕྲོ་ཞིང་། ཐག་རིང་དུ་ཀྲོང་ངེར་གནས་པའི་དྲུ་རོང་མིག་ལམ་དུ་ཐོག་མར་འཆར། མདའ་འབབ་གྲོང་ཚོའི་ཚོགས་ཆུང་གསུམ་པའི་བཞོན་མ་གསོ་སྤེལ་རྟེན་གཞི་དྲུ་རོང་ཁྲོད་དུ་གནས།

    གསར་འགོད་པ་འདི་གར་འབྱོར་སྐབས་ཡུལ་མི་བཀྲ་ཤིས་ཚེ་རིང་ཕྱུགས་འཚོས་ནས་ལོག་ཡོང་བ་དང་སྐབས་འཁེལ། ཁོ་པས་ནོར་ཁྱུ་འདེད་ཞོར་དུ་རྩིད་པ་འཁེལ་བཞིན་བཞོན་མ་གསོ་སྤེལ་རྟེན་གཞིའི་ཕྱོགས་སུ་འོང་།

    “ཕྱུགས་རིགས་འདི་དག་ཚང་མ་གྲོང་ཚོའི་མཉམ་ལས་ཁང་གི་རེད། ཟླ་རེར་ང་ཚོའི་མཉམ་ལས་ཁང་གིས་ཁྱིམ་ཚང་བཞི་རེས་མོས་ངང་ཕྱུགས་འཚོ་བར་གཏོང་གི་ཡོད། ཉིན་འདི་དག་རིང་ང་རང་ཕྱུགས་འཚོ་རེས་ཡིན། བཞོན་མ་གསོ་སྤེལ་མཉམ་ལས་ཁང་བཙུགས་རྗེས། ངའི་ཁྱིམ་གྱིས་འབྲི་1དང་བེའུ་1མ་རྐང་ནང་བཞག་ནས་མཉམ་ལས་ཁང་ནང་ཞུགས་པ་ཡིན། ན་ནིང་ཁེ་སྤོགས་སྒོར་4400རག་བྱུང་། སླད་ཕྱིན་མཉམ་ལས་ཁང་ཡག་ཐོག་ཡག་བརྩེགས་ཡོང་བའི་ཡིད་ཆེས་ཡོད”ཅེས་བཀྲ་ཤིས་ཚེ་རིང་གིས་གསར་འགོད་པར་བཤད།

    2018ལོར། རྒྱལ་ཁབ་ཀྱིས་མདའ་འབབ་གྲོང་ཚོའི་ཚོགས་ཆུང་གསུམ་པར་མ་དངུལ་སྒོར་ཁྲི་485བཏང་བ་དག་བཞོན་མ་གསོ་སྤེལ་འཛུགས་སྐྲུན་རྣམ་གྲངས་ཏེ། རྟེན་གཞིའི་ཁང་པ་དང་། རྩྭ་ར་མུའུ་30འདེབས་འཛུགས། དེ་བཞིན་སྒོ་རའི་ནང་གི་ཞོར་གཏོགས་སྒྲིག་བཀོད་སོགས་འཛུགས་སྐྲུན་ལ་སྤྱད། 2021ལོར། རྩྭ་མདའ་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་96བཏང་ནས་འབྲི་63དང་གཡག་2ཉོས་ཏེ། མདའ་འབབ་གྲོང་ཚོའི་ཚོགས་ཆུང་གསུམ་པའི་བཞོན་མ་གསོ་སྤེལ་རྟེན་གཞི་དངོས་སུ་སྤྱོད་འགོ་ཚུགས།

    ཉེ་བའི་ལོ་ཤས་རིང་། མདའ་འབབ་གྲོང་ཚོས“ཐོན་ལས་དར་རྒྱས”དམིགས་ཡུལ་དུ་བྱས་པ་དང་ས་གནས་དེ་གའི་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ཁྱད་ལྡན་ཐོན་ལས་དེ་ཡུལ་མི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་ཧུར་ཐག་གྱུར་བར་བྱས་ཡོད། “2023ལོར། ཁྱོན་མང་ཚོགས་དུད་ཚང་22ཀྱིས་ཕྱུགས་རིགས་མ་རྐང་ནང་འཇོག་པའི་ཐབས་ལམ་བརྒྱུད། བཞོན་མ་གསོ་སྤེལ་མཉམ་ལས་ཁང་ནང་ཞུགས་པར་དུད་ཚང་རེར་ཁེ་སྤོགས་སྒོར་4400དང་དབུལ་སྒྲོལ་དུད་ཚང་རེར་ཁེ་སྤོགས་སྒོར་1800བྱུང་ཡོད”ཅེས་བཞོན་མ་གསོ་སྤེལ་རྟེན་གཞིའི་འགན་འཁུར་བ་ཚེ་རིང་སྟོབས་རྒྱལ་གྱིས་བཤད།

    བཞོན་མ་གསོ་སྤེལ་རྟེན་གཞིར་འབྲོག་མོ་གཉིས་གསུམ་འོ་མ་ཞོ་བཞིན་ཡོད་ཅིང་། ཉི་འོད་འོག་གི་འཛུམ་མདངས་འཕྱུར་བའི་བཞིན་ནས་འབབ་འཕར་གྱི་སྤྲོ་སྣང་ངང་གིས་མངོན།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།