འདམ་ར་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ། སྐྱེ་ཁམས་ཀྱི་མཛེས་པ་མཉམ་དུ་མྱོང་།
འདམ་གཞུང་རྫོང་གིས་ཨ་ར་འདམ་རའི་སྲུང་སྐྱོང་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་བར་ཕན་འབྲས་ཐོན་པའི་སྐོར།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་འདམ་རའི་སྲུང་སྐྱོང་ཉམས་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པར་བརྟེན། འདམ་རའི་སྐྱེ་ཁམས་གནས་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་འདམ་རའི་སྤྱིའི་རྒྱ་ཁྱོན་དང་ཆུ་ཁོངས་ཀྱི་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་སོང་སྟེ་སྐྱེ་དངོས་སྣ་མང་རང་བཞིན་ཉིན་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།
འདམ་རའི་སྲུང་སྐྱོང་མ་ལག་བཙུགས་པ།
ཨ་ར་འདམ་ར་ནི་འདམ་གཞུང་རྫོང་གི་བྱང་ཤར་དུ་གནས་པ་དང་རྒྱ་ཁྱོན་ལ་སྤྱི་ཆིང་9668.42ཙམ་ཟིན་པ་དེ་ས་མཐོའི་སྤང་ཐང་འདམ་རའི་དཔེ་མཚོན་གྱི་རིགས་སུ་གཏོགས་ཤིང་། 2016ལོར་འདམ་གཞུང་རྫོང་གིས་འདམ་རའི་དོ་དམ་ས་ཚིགས་བཙུགས་ནས་བདག་སྐྱོང་སྒྲིག་གཞི་དང་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བས། ཨ་ར་འདམ་རའི་འཛུགས་སྐྲུན་དང་བདག་སྐྱོང་དུས་མཚམས་གསར་རྐྱང་དུ་སླེབས་པ་དང་། 2019ལོར་འདམ་གཞུང་རྫོང་གིས་རང་བྱུང་ཐོན་ཁུངས་ཅུས་བཙུགས་ནས་འདམ་ར་སྲུང་སྐྱོང་དོ་དམ་ལས་དོན་ལ་གཅིག་གྱུར་ཐོག་འགན་ཁུར་ཏེ་འདམ་ར་བདག་སྐྱོང་གི་འགན་ནུས་དང་འགན་འཁྲི་སྔར་བས་བསྡུ་སྒྲིལ་དང་ལེགས་སུ་བཏང་བ་རེད།
ད་ཆ་འདམ་གཞུང་རྫོང་གི་སྐྱེ་ཁམས་འཛུགས་སྐྲུན་དང་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་བསྟུན་ནས་ཨ་ར་འདམ་རའི་སྐྱེ་ཁམས་ནུས་པ་མངོན་གསལ་དོད་དུ་ཕྱིན་ཏེ་མཐའ་འཁོར་ས་ཁོངས་ལ་དབྱང་རླུང་ཁ་གསབ་དང་། བཞའ་ཚན་ཆེ་རུ་གཏོང་བ། ཆུ་རྩྭ་གསོ་འཁྱོངས། ཁོར་ཡུག་གཙང་བཟོ། སྐྱེ་ཁམས་མ་ལག་དོ་སྙོམས་སྲུང་སྐྱོང་སོགས་ཀྱི་ཐད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ནས་ཨ་ར་འདམ་ར་འདི་ཉིད་འདམ་གཞུང་གི“རང་བྱུང་གློ་བར”གྱུར་པ་རེད།
འདམ་ར་སྲུང་སྐྱོང་གི་ཚད་གཞི་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་པ།
འདམ་གཞུང་རྫོང་གིས་འཛམ་གླིང་འདམ་རའི་ཉིན་མོ་དང་། འདབ་ཆགས་ལ་གཅེས་སྐྱོང་གཟའ་འཁོར། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་སོགས་དུས་ཀྱི་མཚམས་ཚིགས་གལ་ཆེན་གང་ལེགས་སྤྱད་དེ་གཅིག་སྡུད་དྲིལ་བསྒྲགས་དང་། རླུང་འཕྲིན་གཏོང་བ། ཁྱིམ་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ་སོགས་ཀྱི་བྱ་ཐབས་བརྒྱུད་ཐབས་ལམ་མང་བ་དང་རྒྱུན་གཏན་ཅན་གྱི་ཐོག་ནས་འདམ་རའི་སྲུང་སྐྱོང་བྱ་ཐབས་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་སྟེ། ལས་བྱེད་པ་དང་མང་ཚོགས་ཀྱི་འདམ་ར་སྲུང་སྐྱོང་གི་འདུ་ཤེས་ཁྱོན་ཡོངས་ནས་ཟབ་ཏུ་བཏང་ཡོད། འདམ་རའི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་དང་རྡུང་རྡེག་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཞུ་གཏུག་ཐེར་འདོན་ཁ་པར་རང་འགུལ་ངང་ཡོངས་བསྒྲགས་དང་ལྟ་སྐུལ་ཐེར་འདོན་ཐབས་ལམ་ཤར་གཏོང་བྱས་ཏེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རང་འགུལ་ངང་འདམ་ར་སྲུང་སྐྱོང་ལས་དོན་ལ་ཞུགས་རྒྱུར་སྐུལ་སློང་དང་ཁྲིད་སྟོན་བྱས་པས། འདམ་ར་སྲུང་སྐྱོང་བྱེད་པར་མི་ཚང་མར་འགན་འཁྲི་ཡོད་པ་དང་སྤྱི་ཚོགས་རྒྱ་ཁྱབ་ངང་ཞུགས་པའི་ཁོར་ཡུག་བཟང་པོ་ཞིག་བཏོད་པས། འདམ་ར་སྲུང་སྐྱོང་ལས་དོན་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཡོད་པ་རེད།
“ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས‘རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི’ཞེས་པའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ལྷ་ས་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་རྫོང་དང‘རི་གཉིས’ཀྱི་ལག་ལེན་གསར་གཏོད་རྟེན་གཞི་བདེ་བླག་ངང་ཐོག་མར་བཙུགས་པ་རེད། མིང་བྱང་རྩེ་གྲ་འདི་གཉིས་ཀྱིས་འདམ་གཞུང་གི་སྐྱེ་ཁམས་རང་མདངས་གང་ལེགས་མངོན་ཡོད། གོམ་སྟབས་རྗེས་མར་ང་ཚོས་རྫོང་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁྲོད་ཨ་ར་འདམ་རའི་སྲུང་སྐྱོང་འབུར་དུ་ཐོན་པར་བྱས་ནས་འདམ་རའི་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱད་ཆོས་དང་ཆོས་ཉིད་འཚོལ་ཞིབ་བྱས་ཏེ་འདམ་རར་བདག་སྐྱོང་དང་འདམ་རའི་ཐོན་ཁུངས་ལུགས་མཐུན་བེད་སྤྱོད་གཉིས་མཉམ་འདྲེས་དམ་ཚགས་ཡོང་བར་སྐུལ་འདེད་བཏང་ནས་སྔོ་ལྗང་བསྲུངས་ཏེ་ཡོང་འབབ་འཕར་བ་དང་། སྔོ་ལྗང་བསྣན་ནས་ཡོང་འབབ་འཕར་བ། སྔོ་ལྗང་བཟོས་ནས་ཡོང་འབབ་འཕར་བའི‘རི་གཉིས’ཀྱི་སྒྱུར་བཀོད་རྣམ་པ་འཚོལ་ཞིབ་ཐུབ་པ་བྱེད་ཀྱི་ཡིན”ཞེས་འདམ་གཞུང་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད།
མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོད་པ།
ཨ་ར་འདམ་རར་ཀུན་གྱིས་དོ་སྣང་བྱེད་པའི་རྒྱུ་རྐྱེན་ནི་མཛེས་སྡུག་ལྡན་པའི་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་བཟའ་བཅའ་ཡོད་པ་ཕུད། ཉེ་འགྲམ་གྱི་འབྲོག་པ་མང་ཚོགས་དང་ཆེད་ལས་མི་སྣས་སྲུང་སྐྱོང་ཞིབ་ཚགས་བྱེད་པ་དང་འབྲེལ་བ་དམ་ཟབ་ཡོད། ཉེ་བའི་ལོ་ཤས་རིང་། དྲིལ་བསྒྲགས་ཁྲིད་སྟོན་དང་ཚན་རིག་དང་མཐུན་པའི་དོ་དམ་སྲུང་སྐྱོང་བྱ་ཐབས་རྒྱུན་ཆད་མེད་པར་སྤྱད་པ་བརྒྱུད་མང་ཚོགས་འདམ་རར་བདག་སྐྱོང་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ལས་ཀར་རང་འགུལ་ངང་ཞུགས་ཡོད། 2016ལོ་ནས་ཨ་ར་འདམ་རའི་མཐའ་འཁོར་གྱི་མང་ཚོགས་ཀྱིས་འདམ་རའི་མཐའ་འཁོར་གྱི་གད་སྙིགས་གཙང་སེལ་དང་། ལྕགས་དྲ་ཉམས་བཟོ། ཡུལ་སྐོར་བར་ཁ་ཏ་སློབ་སྟོན། རི་སྐྱེས་སྲོག་ཆགས་ལ་རོགས་སྐྱོབ་སོགས་ཀྱི་ལས་དོན་ཐེངས་120ལྷག་ཙམ་སྒྲིག་འཛུགས་བྱས་ནས་སྤེལ་བས། མང་ཚོགས་དེའི་ནང་ཧུར་ཐག་ཞུགས་པ་ལས་འདམ་ར་སྲུང་སྐྱོང་ལས་དོན་ལ་གསོན་ཤུགས་ཆེན་པོ་བསྣན་ཡོད།
འདམ་གཞུང་རྫོང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་ཀྱི་རྩ་དོན་མུ་མཐུད་རྒྱུན་འཁྱོངས་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་ཕུན་སུམ་ཚོགས་སུ་གཏོང་བའི་དམིགས་ཚད་ལ་དམིགས་པ། ཚད་བཀག་རྣམ་པའི་ཕྱུགས་འཚོའི་དོ་དམ་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ། འདམ་ར་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགལ་ཟླ་མཐུན་སྦྱོར་ཐག་གཅོད་འོས་འཚམ་བྱེད་པ། འདམ་རར་བདག་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དྲིལ་བསྒྲགས་ཁྲིད་སྟོན་དང་། སྐོར་སྲུང་སྐོར་བཤེར། ཁྲིམས་འཛིན་ལྟ་སྐུལ་སོགས་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་འདམ་རའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ཏན་ཏིག་བྱས་ནས་སྐྱེ་ཁམས་དང་། སྤྱི་ཚོགས། དཔལ་འབྱོར་སོགས་ཐད་ཀྱི་འདམ་རའི་ཕན་འབྲས་དང་ནུས་པ་ཁག་འདོན་སྤེལ་གང་ཐུབ་བྱེད་ཀྱི་ཡིན་ཞེས་བརྗོད།