དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • སྐམ་པོའི་བྲག་རིར་སྔོ་ལྗང་ལྗོན་ཤིང་གིས་བརྒྱན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-08

    འདི་ནི་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་དོག་སྡེ་ལུང་ཤུར་གྱི་ཡུག་ཁུལ་དང་པོ་ཡིན་པ།

    2022ལོར་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ཕྱོགས་ཡོངས་ནས་ལག་བསྟར་བྱས་རྗེས། བོད་ལྗོངས་ཞོ་སྟོན་ཞིང་འབྲོག་ཁྱད་ལྡན་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སིས་དོག་སྡེ་ལུང་ཤུར་གྱི་ཡུག་ཁུལ་དང་པོར་ཤིང་འཛུགས་ནགས་བཟོའི་ལས་འགན་དང་དུ་བླངས།

    “རི་སྟེང་དུ་བྲག་རྡོ་མང་བས་ལྗོན་ཤིང་འདེབས་དཀའ་བར་བརྟེན་ང་ཚོས་ཐབས་ཤེས་གང་ཡོད་ཀྱིས་འདེབས་གང་ཐུབ་དང་སྐྱེ་གང་ཐུབ་བྱས་ཡོད”བོད་ལྗོངས་ཞོ་སྟོན་ཞིང་འབྲོག་ཁྱད་ལྡན་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་རྒྱལ་མཚན་གྱིས་གསར་འགོད་པ་ཁྲིད་དེ་ལྷ་སའི་བྱང་སྐོར་ལམ་དང་བར་ཐག་དེ་ཙམ་རིང་པོ་མེད་པའི་ལ་ཉག་ཅིག་འཛེགས་ནས་ཤིང་འཛུགས་ནགས་བཟོ་བྱེད་སྐབས་འཕྲད་པའི་དཀའ་ངལ་དང་དེ་བཞིན་ལྗོན་ཤིང་གི་སྣ་ཁ་དང་ཚན་རིག་ཁྱབ་གདལ་ལ་བརྟེན་ནས་ལྗོན་ཤིང་བཏབ་པའི་སྐོར་བརྗོད་བྱུང་།

    “གནས་དེ་ལྷ་སའི་ངོ་གདོང་ལྟ་བུ་ཡིན་པས་ང་ཚོས་སྐྱ་ཐེར་ཐེར་གྱི་བྲག་རིར་ལྗོན་ཤིང་བཏབ་ཡོད”རྒྱལ་མཚན་དང་ཁོང་གི་ཚོགས་པས་པེ་ཅིང་ནས་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་འདེབས་འཛུགས་བྱ་ཡུལ་གྱི་ཁོར་ཡུག་ལ་སྔར་བས་ཞིབ་འཇུག་བྱས་པ་རེད། རིགས་གཅིག་མཁས་ཅན་གྱིས་ལྗོན་ཤིང་བཏབ་ན་སྐྱེ་ཐུབ་པ་འདུག འོན་ཀྱང་དེར་འཕྲོད་པའི་ལྗོན་ཤིང་འཛུགས་ཐབས་བྱེད་དགོས་ཞེས་བཤད།

    རིགས་གཅིག་མཁས་ཅན་གྱི་གྲོས་འགོ་ལྟར་ཁོང་ཚོས་འཕྲལ་དུ་ཇུས་གཞི་ལེགས་སྒྲིག་བྱས་ཏེ་ས་རྡོ་དྲུས་ནས་ས་བརྒྱངས་པ་མ་ཟད། སྡོང་ཁུང་གི་གཏིང་ཚད་དང་ཁ་ཞེང་ཆེ་རུ་བཏང་བ་རེད།

    “ང་ཚོས་དཀའ་ངལ་ལ་མ་འཛེམས་པར་སྡོང་ཁུང་དྲུས་པ་མ་ཟད། ཁོར་ཡུག་དང་ས་རྒྱུ་སོགས་ཀྱི་མཐུན་རྐྱེན་དང་ཟུང་འབྲེལ་བྱས་ནས་སྡོང་ཕྲུག་སྣ་ཚོགས་འདེབས་འཛུགས་བྱས་པ་ཡིན། ལྗོན་ཤིང་སྣ་ཁ་བཅུ་ལྷག་ཙམ་བཏབ་པའི་ནང་ཤུག་པ་སྣ་ཁ་5ཙམ་དང་གསོམ་ཤིང་སྣ་ཁ་3ཙམ་ཡོད་ལ། ད་དུང་ཁམ་སྡོང་ཡང་ཡོད”ཅེས་རྒྱལ་མཚན་གྱིས་ངོ་སྤྲོད་བྱས།

    རྒྱལ་མཚན་གྱིས་མདུན་གྱི་ས་ཆ་དེར་མཛུབ་མོ་བཙུགས་ནས་སྤོབས་པ་ཆེན་པོས“ས་ཆ་དེར་མུའུ་800ཡོད་པ་དང་མང་ཆེ་བ་བྱེ་རྡོ་རེད། འོན་ཀྱང་ང་ཚོས་གྲུབ་འབྲས་ཐོབ་པའི་ངང་ལྗོན་ཤིང་ཁྲི་30ལྷག་ཙམ་འཛུགས་པ་དང་ད་ཆ་95%གསོན་ཡོད”ཅེས་བརྗོད་བྱུང་།

    “ཁྱེད་ཀྱིས་གཟིགས་དང་དེ་དག་འདི་ལོ་གསར་པ་སྐྱེས་པ་ཞིག་རེད། ཡང་དེར་གཟིགས་དང་། ཕྱི་ནས་ལྟ་དུས་སྐམ་པའི་ཚོར་སྣང་ཡོང་ཡང་། དོན་དངོས་ཐོག་ལྤགས་པ་བརྗེ་ཡི་ཡོད། དེ་འབྲི་གཡག་གི་རྩིད་པ་དང་ལུག་གི་བལ་བརྗེ་བ་དང་ཆ་རེད”ཅེས་ངོ་སྤྲོད་བྱེད་ཞོར་གཞོགས་གཅིག་གི་ལས་བཟོ་ཞིག་ལ“ཕུན་ཚོགས་ལགས། རིགས་གཅིག་མཁས་ཅན་གྱིས་གསུངས་པ་ལྟར་ས་མང་ཙམ་རྒྱག་རོགས”ཞེས་མངགས་བྱ་བྱས།

    ཕུན་ཚོགས་ནི་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ནས་ཡིན་པ་དང་དེ་གར་ནགས་སྲུང་བའི་ལས་ཀ་བྱེད་ཀྱི་ཡོད། ཁོང་གི་ཉིན་ལྟར་གྱི་ལས་ཀ་གཙོ་བོ་ནི་སྔ་དྲོའི་ཆུ་ཚོད་བདུན་པར་རི་སྟེང་གི་ཆུ་རྫིང་གི་ཆུ་སྒོ་ཕྱེ་རྒྱུ་དེ་རེད།

    “ང་ཚོས་རི་གཤམ་ནས་རི་མགོར་ཆུ་འདྲེན་པ་དང་རི་མགོར་ཡང་ཆུ་རྫིང་བཟོས་ཡོད། ང་རང་ལྗོན་ཤིང་ལ་ཆུ་གཏོང་དགོས་པ་མ་ཟད། བདག་སྐྱོང་ཡང་བྱེད་དགོས་ཀྱི་ཡོད། གནས་ཚུལ་འཕྲད་ན་འགན་འཁུར་བར་སྙན་སེང་ཞུ་དགོས། ལྗོན་ཤིང་སྔོ་ཐིང་ཐིང་དུ་སྐྱེ་བ་མཐོང་སྐབས་ང་ལ་གྲུབ་འབྲས་ཐོབ་པའི་སྤོབས་པ་ཞིག་སྐྱེ་གི་འདུག”ཅེས་ཕུན་ཚོགས་ཀྱིས་བརྗོད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།