དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-07

    ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་2023ལོའི་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་པར། 2023ལོར་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་བྱུང་ཞིང་། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.5%ཟིན་པ་དང་། གཙང་པོ་དང་ཆུ་བོ་གཙོ་བོའི་ཆུའི་སྤུས་ཚད་རིགས་IIIགྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་བདེ་འཇགས་ཀྱི་ཆུ་ཚད་དུ་སླེབས་པ། སྒྲའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ། འགྱེད་འཕྲོའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་ཡག་པོ་ཡོད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད།

    སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་ཐད། གཙོ་གནད་ལས་འགན་49དང་བྱེད་ཐབས་ཁག་135ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་སྲིད་ཇུས་ཀྱི་ཡིག་ཆ་གལ་ཆེན་16བཏོན་ནས་ལག་བསྟར་བྱས་ཡོད། བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་བཟོ་བཅོས་ལ་སྐུལ་འདེད་བཏང་ནས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་7.83དོན་འཁྱོལ་བྱས་ཏེ་སྐྱེ་ཁམས་སླར་གསོ་དང་སྦགས་བཙོག་འགོག་བཅོས་ཀྱི་རྣམ་གྲངས་ཁག་34ལག་བསྟར་བྱས་པ་དང་། ནགས་བཟོ་མུའུ་ཁྲི་120ལེགས་གྲུབ་བྱུང་བ། བྱེ་འགྱུར་རྩྭ་ཐང་མུའུ་ཁྲི་614སླར་གསོ་བཅོས་སྐྱོང་བྱས་པ་བཅས་རེད།

    སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་ཐད། འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་ལྟ་འདོམས་ཀྱི་རིམ་པ་གསུམ་པའི་དྲ་སྦྲེལ་ལས་སྟེགས་བསྐྲུན་ནས་བེད་སྤྱོད་བྱས་པ་དང་ནུས་རྒྱུ་གསར་པའི་རླངས་འཁོར་5225མང་དུ་བཏང་ཡོད། འགྱུར་རྡོ་མིན་པའི་ནུས་རྒྱུས་ནུས་རྒྱུའི་འཛད་སྤྱོད་སྤྱི་འབོར་བསྡུར་ཚད་ཀྱི་50%ལྷག་ཙམ་བཟུང་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གཙང་པོ་དང་ཆུ་བོའི་ཆུ་འགོའི་ཁྱབ་ཁོངས་གཙོ་བོ་སྤྱི་ལེ་ངོས་གྲུ་ཁྲི་9.07གཏན་འཁེལ་བྱས་ཡོད། ཆུ་བོ་དང་མཚོའི“ཟང་ཟིང་བཞིའི་གནད་དོན”སྐབས་བསྟུན་གཙང་སེལ་རྒྱུན་འཁྱོངས་བྱས་ཡོད། ལྗོངས་ཡོངས་སུ་འཚོ་བའི་བཙོག་ཆུ་གཙང་གསིང་བཟོ་གྲྭ་106བསྐྲུན་ནས་བཙོག་ཆུ་གཙང་གསིང་བྱེད་ཚད་ཉིན་རེར་ཏུན་ཁྲི་55.8ཟིན་པ་དང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གྲོང་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་གཙང་གསིང་བྱེད་ཚད་97.8%དང་89.01%སོ་སོར་ཟིན་པས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་བ་དང་། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་གསིང་བྱེད་ཚད་23.2%ཟིན་ཡོད། རྒྱུན་རྣམ་ཅན་གྱི་འགྱིག་ཤོག་སྦགས་བཙོག་འགོག་བཅོས་བྱས་ཤིང་། ལྗོངས་ཡོངས་སུ་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་ཆས་ཁྱོན་318བསྐྲུན་ནས་ཉིན་རེར་གད་སྙིགས་གཙང་སེལ་བྱེད་ཚད་ཏུན་4580ཟིན་པ་དང་། གྲོང་ཁྱེར་དང་རྫོང་གྲོང་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱེད་ཚད་99.87%དང་98.85%སོ་སོར་ཟིན་ཡོད། སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་96.14%ཟིན་པ་དང་ཞིང་སྤྱོད་འགྱིག་ཤོག་ཚུར་བསྡུ་བྱེད་ཚད་88%ཟིན་ཡོད། གྲོང་ཁྱེར་དང་ས་ཁུལ་7ཚང་མར་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་བདེ་བླག་ངང་འཛུགས་གཏོད་བྱས་ནས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་འཛུགས་གཏོད་ཀྱི་ཚད་གཞི་ལོན་པའི་ཞིང་ཆེན་འབའ་ཞིག་ཏུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།