“རི་གཉིས”ཀྱི་འདུ་ཤེས་ལག་ལེན་བསྟར་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པ།
རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་འཛམ་གླིང་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
འདི་ལོའི་ཟླ་6ཚེས་5ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་53པ་རེད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་ནས་སྤྱི་ཚོགས་ཡོངས་ལ་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་རྒྱུར་ཁྲིད་སྟོན་བྱས་ཏེ། སྤྱི་ཚོགས་ལས་རིགས་ཁག་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་བྱ་ཆེད། ཉེ་ཆར་རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་འཛམ་གླིང་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ་རེད།
ཚེས་5ཉིན་རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་གྱི་ཁྲོམ་གཞུང་དུ་མཉམ་དུ་འཛམ་གླིང་ཁོར་ཡུག་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་འགྲེམས་པང་འཛུགས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། བློ་འདྲིའི་ལས་སྟེགས་འཛུགས་པ་སོགས་དྲིལ་བསྒྲགས་བྱེད་སྟངས་བརྒྱུད། མང་ཚོགས་ལ་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་དང་། ཐཱན་ཉུང་འཚོ་བ། ས་རྒྱུའི་སྦགས་བཙོག་འགོག་བཅོས། ས་འོག་ཆུ་སྲུང་སྐྱོང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། གད་སྙིགས་རིགས་དབྱེ་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ཕྱོགས་ཡོངས་ནས་དྲིལ་བསྒྲགས་བྱས་པ་རེད།
འཛམ་གླིང་ཁོར་ཡུག་ཉིན་མོར་ལྷོ་ཁ་གྲོང་ཁྱེར་གྱིས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་མང་ཚོགས་ལ“ཐཱན་ཉུང་འཚོ་བའི”འདུ་ཤེས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་པ་དང“ལྗང་མདོག་ཕྱིར་སྐྱོད”དར་སྤེལ་བཏང་བ་རེད། ལྷོ་ཁ་གྲོང་ཁྱེར་གྱི་ཚན་པ་22ཀྱིས་མཉམ་དུ་དྲིལ་བསྒྲགས་སྟེགས་བུ་བཙུགས་ནས་དྲིལ་བསྒྲགས་དཔྱད་གཞི་སྤྲོད་པ་དང་ཁོར་ཡུག་སྲུང་སྐྱོང་ཐོན་རྫས་འགྲེམས་སྟོན་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད། གྲོང་མིར་ཁོར་ཡུག་སྲུང་སྐྱོང་ཤེས་བྱ་ཁྱབ་གདལ་བཏང་ནས་སྤྱི་དམངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ་རེད། ལྷོ་ཁ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ལས་བྱེད་པ་20ལྷག་ཙམ་སྒྲིག་འཛུགས་བྱས་ནས་གྲོང་ཁྱེར་སྨན་བཅོས་སྙིགས་རོ་གཙང་སེལ་ལྟེ་གནས་དང་། སྣེ་གདོང་གི་གད་སྙིགས་སྦས་ས། རྩེད་ཐང་བཙོག་ཆུ་གཙང་གསིང་ས་ཚིགས། དེ་བཞིན་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚིགས་སོགས་ཁོར་ཡུག་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་སྤྱི་དམངས་ལ་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
རྒྱ་ཆེའི་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ལག་ལེན་བསྟར་རྒྱུར་ཁྲིད་སྟོན་བྱ་ཆེད། ཟླ་6ཚེས་5ཉིན་གཞིས་རྩེ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་སྣེ་ཁྲིད་དེ་གྲོང་ཁྱེར་ཐད་གཏོགས་སྡེ་ཚན་20ལྷག་ཙམ་སྒྲིག་འཛུགས་བྱས་ནས་འཛམ་གླིང་ཁོར་ཡུག་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཚན་པ་ཁག་གིས་བརྡ་སྦྱོར་མཉམ་འབྲེལ་འགྲེམས་སྟོན་དང་། དྲིལ་བསྒྲགས་བརྙན་ལམ་སྟོན་པ། དང་བླངས་ཞབས་ཞུ། བློ་འདྲིར་ལན་འདེབས། ལག་དེབ་སྤྲོད་པ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྟངས་བརྒྱུད་རྒྱ་ཆེའི་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བ་དང་། ཕྱོགས་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ཁྱབ་སྤེལ་ཤུགས་ཆེན་བཏང་ནས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་དེས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་གསོན་ཉམས་དོད་པོས་མངོན་ཐུབ་ཡོད།
ཚེས་5ཉིན་ཆབ་མདོ་གྲོང་ཁྱེར་གྱི་2024ལོའི་འཛམ་གླིང་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་ཇ་རྟ་ཐང་ཆེན་དུ་སྤེལ་ནས། སྤྱི་ཚོགས་ཡོངས་ལ་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དང་ལག་ལེན་བསྟར་རྒྱུར་ཁྲིད་སྟོན་བྱས་ཏེ་སྤྱི་ཚོགས་ལས་རིགས་ཁག་ཁོར་ཡུག་ལ་གཅེས་སྐྱོང་དང་། ལྗང་མདོག་ཁྱིམ་གཞིས་འཛུགས་སྐྲུན། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཐུན་མོང་ཐོག་གཏོད་རྒྱུ་བཅས་ཀྱི་བྱ་སྤྱོད་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་ཐབས་བྱས་པ་རེད། བྱེད་སྒོ་སྤེལ་རིང་ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་ཀྲང་ཡའོ་ཧུའེ་ཡིས་རྒྱ་ཆེའི་གྲོང་མི་དང་ཁོར་ཡུག་སྲུང་སྐྱོང་དང་བླངས་པ་སོགས་ལ་གྲོང་ཁྱེར་ཡོངས་ཀྱི་2023ལོའི་སྐྱེ་ཁམས་ཁོར་ཡུག་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་པ་རེད། དགེ་འདུན་པ་དང་། མང་ཚོགས། ཁེ་ལས། སློབ་མ་བཅས་ཀྱི་འཐུས་མིས་རྒྱ་ཆེའི་གྲོང་མིར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གྲོས་འགོ་བཏོན་ནས། ཚང་མས་ད་ལྟ་ནས་འགོ་བཙུགས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ལ་གཅེས་སྐྱོང་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
འཛམ་གླིང་ཁོར་ཡུག་ཉིན་མོ་53པ་འཆར་བའི་སྐབས་སུ་ལྷོ་ཁ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཅུས་འཕྱོངས་རྒྱས་རྫོང་ཡན་ལག་ཅུས་ཀྱིས་སློབ་གྲྭར་འཛམ་གླིང་ཁོར་ཡུག་ཉིན་མོའི་ཁོར་ཡུག་སྲུང་སྐྱོང་ཤེས་བྱ་ཁྱབ་གདལ་གཏོང་རྒྱུའི་བྱེད་སྒོ་སྤེལ་ནས། སློབ་མས་སྐྱེ་ཁམས་ལ་དོ་ཁུར་དང་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད། རྒྱལ་སྨན་ཤང་སློབ་ཆུང་གི་བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། བརྙན་ལམ་སྟོན་པ། དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》ལ་གསལ་འགྲེལ་ཞིབ་ཕྲ་བྱས་ཏེ། སློབ་མར“རི་གཉིས”ཀྱི་འདུ་ཤེས་དང“སྙིགས་རོ་མེད་པའི་སློབ་གྲྭ”འཛུགས་སྐྲུན་གྱི་འདུ་ཤེས་དྲིལ་བསྒྲགས་བྱས་ནས་སློབ་མས་སྐྱེ་ཁམས་གཏོར་བཤིག་དང་ཁོར་ཡུག་སྦགས་བཙོག་གི་ཚབས་ཆེའི་རང་བཞིན་དང་གནོད་འཚེའི་རང་བཞིན་ལ་ངོས་འཛིན་གང་ལེགས་ཐུབ་པ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དགོས་གཏུག་གི་བསམ་པ་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་བ་རེད། དེའི་རིང་ལས་དོན་མི་སྣས་ད་དུང“ཁོར་ཡུག་སྲུང་སྐྱོང་གི་སྲུང་དམག་ཆུང་ངུ”བརྗོད་དོན་གཙོ་བོར་བྱས་ནས་ཁོར་ཡུག་སྲུང་སྐྱོང་ཤེས་བྱའི་དྲི་བ་དྲིས་ལན་གྱི་འགྲན་བསྡུར་བྱེད་སྒོ་སྤེལ་ཏེ་མཉམ་འགུལ་གྱི་རྣམ་པ་བརྒྱུད་སློབ་མས་ཁོར་ཡུག་སྲུང་སྐྱོང་ཤེས་བྱ་ཤེས་རྟོགས་དང་ཁོར་ཡུག་སྲུང་སྐྱོང་གནད་དོན་ལ་དོ་ཁུར་བྱེད་དུ་བཅུག་ནས། “ཁོར་ཡུག་ལ་སྲུང་སྐྱོང་བྱེད་པར་མི་ཚང་མར་འགན་འཁྲི་ཡོད་པའི”འདུ་ཤེས་བཙུགས་ཏེ་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་དང་མཛེས་སྡུག་ལྡན་པའི་འཕྱོངས་རྒྱས་འཛུགས་སྐྲུན་བྱེད་པར་ཐུན་མོང་ཐོག་ལེགས་སྐྱེས་འབུལ་རྒྱུ་རེད།