སྔོ་ལྗང་རི་ཀླུང་ས་གཞིའི་རྒྱན་དུ་མཛེས།
—— རང་ལྗོངས་ཀྱིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ།
འདི་ནི་ལྷ་སའི་ལྷོ་རིའི་སྤྱི་གླིང་ནས་པར་བླངས་པའི་ལྷ་ས་གྲོང་ཁུལ་ཡིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་ཚོགས་ཆུང་གཉིས་པའི་གྲོང་མིས་སྡོང་ཕྲུག་དབོར་བཞིན་པ།
སྐྱེ་ཁམས་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་ལ་བོད་ཀྱི“དོན་ཆེན་བཞིའི”གྲས་ཤིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྣེ་ཁྲིད་བྱེད་པ་དང་གྲོང་ཁྱེར་གྱི་གནས་འཕྲོད་རང་བཞིན་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱས་ཏེ། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རིའི”འཕེལ་རྒྱས་འདུ་ཤེས་མཐའ་འཁྱོངས་དང་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་རེད།
སྔོན་ཇུས་ལ་ཤུགས་སྣོན་རྒྱག་པ་དང་ལམ་ལུགས་འགན་ལེན་འཐུས་སྒོ་ཚང་དུ་བཏང་བ།
འགོ་འཛུགས་ས་མཐོ་པོའི་སྒོ་ནས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་བཏང་བ།
ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་བོད་ཀྱི་གཞི་ཁྱོན་ཅན་གྱི་རི་ལ་ལྗོན་ཤིང་འདེབས་པའི་སྐྱེ་ཁམས་ཉམས་གསོའི་ལས་གྲྭ་ཐོག་མ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་སྐྱེ་ཁམས་བདེ་རྩ་ཆེ་རུ་གཏོང་བའི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཡིན། འཆར་གཞི་བྱས་ན་ལོ་10ཡི་ནང་རྒྱལ་ཁབ་ས་ཆའི་སྔོ་འགྱུར་རྒྱ་ཁྱོན་མུའུ་ཁྲི་206.72ལེགས་གྲུབ་བྱས་ནས“ལོ་ལྔའི་ནང་རི་ཀླུང་སྔོ་ལྗང་གིས་བརྒྱན་པ་དང་ལོ་བཅུའི་ནང་ལྷ་ས་སྔོ་ལྗང་གིས་བརྒྱན་པའི”བསམ་བཀོད་མངོན་འགྱུར་བྱས་ཏེ། ལྷ་ས་འདི་ཉིད་སྐྱེ་ཁམས་གནས་འཕྲོད་ཀྱི་ས་མཐོའི་ལྟེ་བའི་གྲོང་ཁྱེར་དུ་འགྱུར་བར་ཤུགས་རྒྱག་རྒྱུ་ཡིན་པ་རེད།
ལས་གྲྭའི་རྣམ་གྲངས་གལ་ཆེན་དེ་འདྲ་གང་ནས་འགོ་རྩོམ་དགོས་པ་དང་ཇི་ལྟར་བྱས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་བོད་དུ་རྩ་བ་ཚུགས་པར་སྐུལ་འདེད་གཏོང་དགོས་སམ། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་དོན་སྤྱི་འདོམས་འཆར་འགོད་ཡག་པོ་བྱ་ཆེད། རང་སྐྱོང་ལྗོངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྤྱི་ཁྱབ་བཀོད་འདོམས་པའི་འགན་བཞེས་པ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རྒྱུན་ལས་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པའི་འགན་བཞེས་པའི་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་བཀོད་འདོམས་པུའུ་བཙུགས་ནས་བཀོད་འདོམས་པུའུ་ཡིས་གཅིག་གྱུར་འགོ་ཁྲིད་དང་། བཀོད་འདོམས་པུའུ་གཞུང་ལས་ཁང་གིས་སྤྱི་འདོམས་དོན་འཁྱོལ། འགན་འཁྲི་གཙང་ལེན་ཚན་པ་དང་དེའི་ནང་ཞུགས་མཁན་ཁེ་ལས་ཀྱིས་དམ་འཛིན་ཞིབ་ཕྲ་བཅས་བྱེད་པའི་བཀོད་འདོམས་རྩ་འཛུགས་མ་ལག་ཅིག་ཆགས་ཡོད་པ་རེད། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད)
དེ་དང་ཆབས་ཅིག་ནགས་བཟོ་སྔོ་འགྱུར་གྱི་ཞིབ་ཕྲའི་ལས་དོན་ཁག་ལ་དམིགས་ཏེ་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་བཀོད་འདོམས་པུའུ་གཞུང་ལས་ཁང་གིས་སྲིད་ཇུས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཀའི་འགན་འཁྲི་ཁ་གསལ་བཟོ་བ། ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་སོགས་ནས་སྒྲིག་སྲོལ་ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བས་རང་ལྗོངས་ཀྱིས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱེད་པའི“འཆར་གཞི་མཐར་ཕྱིན་འགོད་པ་དང་། ལོ་རེ་བཞིན་རྒྱུན་མཐུད་སྒྲུབ་པ། འགན་འཁྲི་འཁུར་རིམ་བཞིན་མུ་མཐུད་སྒྲུབ་པ། མི་རབས་ནས་མི་རབས་བར་སྒྲུབ་པ”བཅས་ཀྱི་ཆབ་སྲིད་ཀྱི་ངེས་ཤུགས་དང་འཐབ་ཇུས་ཀྱི་སྙིང་རུས་གང་ལེགས་མངོན་པར་བྱས་ཏེ། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཆེད་སྟོབས་ཤུགས་གཅིག་སྡུད་བྱས་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་སྐལ་བཟང་ནོར་བུས“སྔོ་འགྱུར་ནགས་བཟོ་ནི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་པ་ལས་སྡེ་ཚན་གཅིག་གིས་ཁེར་རྐྱང་དུ་སྐུལ་འདེད་གཏོང་ཐུབ་པ་ཞིག་མིན་པར་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་དེའི་ནང་ཞུགས་དགོས། ང་ཚོས་ལྷ་ས་གྲོང་ཁྱེར་ལྷོ་རི་བྱང་རིའི་སྔོ་འགྱུར་བཀོད་འདོམས་པུའུ་གཞུང་ལས་ཁང་བཙུགས་པའི་དམིགས་ཡུལ་ནི་གོང་འོག་མཉམ་འགུལ་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལས་ཀའི་ལམ་སྲོལ་ཆགས་ཆེད་ཡིན། ལྷག་པར་དུ་རྫོང(ཆུས)རིམ་པའི་བཀོད་འདོམས་པུའུ་ཡིས་རྟག་ཏུ་གློག་ཤུགས་དང་། ཆུ་བེད། འགྲིམ་འགྲུལ་སོགས་སྡེ་ཚན་དང་འབྲེལ་བ་བྱས་ནས་ནགས་བཟོའི་འཐབ་ས་དང་པོའི་དཀའ་ངལ་མང་པོ་ཐག་གཅོད་བྱས་ཡོད”ཅེས་ངོ་སྤྲོད་བྱས།
དབྱར་ཟླ་6པ་ནི་ས་མཐོའི་ནམ་དུས་ཡག་ཤོས་ཡིན། ཕོ་བྲང་པོ་ཏ་ལའི་མདུན་ཕྱོགས་སུ་གནས་པའི་ལྷ་སའི་ལྷོ་རིའི་སྤྱི་གླིང་དུ་ཉིན་ལྟར་མི་ཚོགས་ཀྱིས་ཁེངས་ཤིང་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། “ས་མཐོར་རི་འཛེག་ཐེངས་དང་པོ་ཡིན་པས་སྤྲོ་སྣང་ཆེན་པོ་བྱུང་། དེ་གར་རྩྭ་རྩི་ཤིང་སྟུག་ལ་ཁོར་ཡུག་ལེགས་པས་བསམ་ཚོད་ལྟར་གྱི་ལོང་སྟོང་རེད་མི་འདུག”ཅེས་ཀོང་ཏུང་ནས་ཡོང་བའི་ཡུལ་སྐོར་བ་མཁྱེན་ལྡན་མ་ཙེང་ལགས་ཀྱིས་བཤད།
ལྷ་སའི་ལྷོ་རིའི་སྤྱི་གླིང་ནི་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་གྱི་གཙོ་གནད་ས་ཁོངས་གྲས་ཤིག་ཡིན་ལ་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བའི་བསྡུས་རིས་ཤིག་ཀྱང་ཡིན། མིག་སྔར་ཉིན་ལྟར་ལྷ་སའི་ལྷོ་རིའི་སྤྱི་གླིང་དུ་ཡོང་མཁན་གྲོང་མི་དང་ཡུལ་སྐོར་བ་མི་ཐེངས་3000ནས་5000བར་ཟིན་པ་དང་། དུས་ཆེན་དང་གུང་གསེང་རིང་མི་ཁྲི་1ལྷག་ཙམ་ཟིན་ནས་སོལ་དལ་སྤྲོ་གསེང་དང་། ཡུལ་སྐོར་ལྟ་སྐོར། ལུས་སྦྱོང་རོལ་རྩེད་སོགས་གཞི་གཅིག་ཏུ་འདུས་པའི་ས་ཆ་ཞིག་ཏུ་རིམ་བཞིན་འགྱུར་བཞིན་ཡོད་པ་རེད།
ཚན་རིག་དང་མཐུན་པའི་སྒོ་ནས་ཤིང་འཛུགས་ནགས་བཟོ་དང་སྡོང་ཕྲུག་གི་རྨང་གཞི་བརྟན་དུ་བཏང་བ།
ཚད་གཞི་མཐོ་པོའི་སྒོ་ནས་ལྷུ་ཚིགས་ཁག་གི་འགན་ལེན་བྱེད་ཐབས་དོན་འཁྱོལ་བྱས་པ།
ལྷ་སའི་བྱང་རི་ནས་ལྷ་ཀླུ་འདམ་རའི་སྐྱེ་ཁམས་སླར་གསོ་ཡུག་ཁུལ་ལ་རྒྱང་ལྟ་བྱས་ཚེ། ཡར་ཀླུང་གི་ཤུག་པ་དང་། རྒྱལ་རྩེའི་སྟར་བུ། རི་མཐོའི་རྒྱ་ལྕང་སོགས་ཤིང་རིགས་སྣ་ཚོགས་ཀྱིས་ཁེངས་པ་དང་དེ་དག་གི་སྐྱེ་འཚར་ཡང་ཧ་ཅང་ཡག་པོ་ཡོད་པ་རེད། མ་ཟད་དར་སྤུ་སེ་རྒོད་ཀྱི་མེ་ཏོག་སེར་ཆུང་ལྷུག་པོར་བཞད་པས་མི་རྣམས་ཀྱི་ཡིད་དབང་འཕྲོག
“ཁྱེད་ཚོ་ལྟོས་དང་། ལོ་མ་སེར་པོ་ཆགས་འདུག ཕལ་ཆེར་རྩ་བར་ཆུ་སླེབས་མེད་པ་འདྲ། ངེས་པར་དུ་རྩ་བར་ཆུ་འདང་ངེས་རྒྱག་དགོས”“ཡོ་འབོག་དཀར་པོ་བཏབ་མ་ཐག་ཡིན་པས་ཡལ་བཅོས་ཡང་སེ་བྱེད་དགོས། དེ་ལྟར་བྱས་ཚེ་གཞི་ནས་འཚོ་བཅུད་སྙོམས་པོ་བྱུང་ནས་སྐྱེ་འཚར་མགྱོགས་པོ་ཡོང་ཐུབ”སོགས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ནགས་བཟོའི་ལག་རྩལ་བློ་འདྲི་བ་བསོད་ནམས་དབང་འདུས་ཀྱིས་མང་ཚོགས་ལ་སྡོང་ཕྲུག་འདེབས་འཛུགས་བྱེད་སྟངས་སློབ་བཞིན་ཡོད་པ་རེད།
ལྷ་ཀླུ་འདམ་རའི་ཡུག་ཁུལ་ནི་ལྷ་སའི་ལྷོ་རི་བྱང་རིའི་2022ལོའི་ལོ་འཁོར་གྱི་སྔོ་འགྱུར་ལས་གྲྭའི་ནགས་བཟོའི་ཡུག་ཁུལ་ཡིན་པ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.35ཙམ་བཏང་བ་དང་འཛུགས་སྐྲུན་གཞི་ཁྱོན་མུའུ་5443.1ཟིན་གྱི་ཡོད། ད་ཆ་ནགས་བཟོའི་ལས་འགན་ཚང་མ་ལེགས་གྲུབ་ཟིན་པ་དང་རིམ་རྩིས་བྱས་ན་སྡོང་ཕྲུག་རྐང་ཁྲི་150ལྷག་ཙམ་བཏབ་པར་སྤྱིའི་གསོན་ཚད་95%ཡན་ཟིན་ནས་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་དང་ཁུལ་ཁོངས་ནགས་ཚལ་གྱི་སྐྱེ་ཁམས་ཞབས་ཞུའི་ནུས་པ་ཆེ་རུ་ཕྱིན་ཡོད་པ་རེད།
སྡོང་ཕྲུག་མཁོ་འདོན་འགན་ལེན་ཏན་ཏིག་དང“ལྗང་མདོག”རྨང་གཞི་བརྟན་དུ་གཏོང་ཆེད། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་གྱི་དོན་དངོས་ལ་གཞིགས་ནས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་བཀོད་འདོམས་པུའུ་གཞུང་ལས་ཁང་གིས《ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་འགན་ལེན་རང་བཞིན་གྱི་སྡོང་ཕྲུག་ར་བའི་འཆར་འགོད(2024ལོ་ནས་2033ལོ་བར)》བཟོས་པ་དང《ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་གྱི་འགན་ལེན་རང་བཞིན་གྱི་སྡོང་ཕྲུག་ར་བའི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཀྲམ་ནས་ཕྱི་འདྲེན་སྡོང་ཕྲུག་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་རེད།
ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་བཀོད་འདོམས་པུའུ་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས། སྤྱི་འདོམས་མཐུན་སྦྱོར་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་སྡོང་ཕྲུག་ཐོན་སྐྱེད་བཀོད་སྒྲིག་དེ་བས་ལུགས་མཐུན་དང་། སྤུས་ཚད་དེ་བས་ལེགས་པ། གྲབས་གསོག་དེ་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་འབྲེལ་ཡོད་རྫོང(ཆུས)ནགས་རྩྭ་གཙོ་གཉེར་དོ་དམ་སྡེ་ཚན་ལ་ལྟ་འདོམས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐུལ་འདེད་བཏང་སྟེ་སྡོང་ཕྲུག་ཆད་གསབ་སྙོམས་སྒྲིག་ཡག་པོ་བྱེད་པ་དང་སྡོང་ཕྲུག་གི་ནད་ཡམས་ཞིབ་བཤེར་སོགས་ཐད་ཀྱི་གསོ་སྦྱོང་དང་ལག་རྩལ་མཛུབ་ཁྲིད་བྱས་ནས་སྡོང་ཕྲུག་འགན་ལེན་ཡག་པོ་ཡོང་བ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
སྐྱེ་ཁམས་དམངས་ཕན་མཐའ་འཁྱོངས་དང་སྔོ་གཅེས་བྱ་སྤྱོད་ལ་སྐུལ་སློང་བྱས་པ།
ལས་ཆོད་ཆེན་པོས་རི་རྒོད་དག་གསེར་རི་དངུལ་རིར་འགྱུར་བར་བྱེད་པ།
“རང་ཉིད་ཀྱིས་བཏབ་པའི་སྡོང་ཕྲུག་རིམ་བཞིན་ཆེན་པོ་ཆགས་པ་མཐོང་དུས་ངར་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག”བསྟན་འཛིན་དོན་གྲུབ་འཕྲད་དུས་ཁོང་གིས་ནགས་བཟོའི་ཡུག་ཁུལ་དུ་བཙུགས་མ་ཐག་པའི་སྡོང་ཕྲུག་ལ་ཆུ་རྒྱག་བཞིན་འདུག འདི་ལོ་ལོ་23ལ་སླེབས་པའི་ཁོང་ནི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ནས་ཡིན་པ་དང་། ཤིང་འཛུགས་ནགས་བཟོའི་ལས་ལ་གཞོལ་ནས་ལོ་5སོང་བས་ནགས་བཟོ་བྱ་ཡུལ་མང་པོ་ཞིག་ཏུ་སྡོད་མྱོང་ཡོད། ཁོང་གི་ལས་ཀ་གཙོ་བོ་ནི་བཙུགས་མ་ཐག་པའི་སྡོང་ཕྲུག་ལ་ཡལ་བཅོས་རྒྱག་པ་དང་ཆུ་རྒྱག་རྒྱུ་ཡིན་པ་མ་ཟད། ད་དུང་སྡོང་ཕྲུག་དབོར་རྒྱུ་དེ་ཡིན་པས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་དྲུག་བདུན་ཙམ་ཡོང་གི་ཡོད་པ་རེད།
བསྟན་འཛིན་དོན་གྲུབ་དང་འདྲ་བར་ཤིང་འཛུགས་ལ་བརྟེན་ནས་ཡོང་འབབ་གསོག་མཁན་མང་ཚོགས་ད་དུང་ཧ་ཅང་མང་པོ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་གྲྭ་འཛུགས་སྐྲུན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་མང་ཚོགས་སྔོ་འགྱུར་ནགས་བཟོའི་ནང་ཞུགས་སུ་བཅུག་པ་དང་། ཁེ་ལས་ལ་མང་ཚོགས་ཀྱི་སྡོང་ཕྲུག་ཉོ་སྒྲུབ་དང་འཕྲུལ་ཆས་གླ་རྒྱུར་ཁྲིད་སྟོན་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཡོང་འབབ་སྒོར་དུང་ཕྱུར་18.6ཙམ་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་དང་ཞིང་འབྲོག་མང་ཚོགས་མི་ཐེངས་ཁྲི་500ཙམ་ལ་ཕན་པ་ཐོབ་པས་རི་སྔོན་ཆུ་དྭངས་དང་གངས་རི་འཁྱགས་ཀླུང་གི་མཛེས་ལྗོངས་གསེར་རི་དངུལ་རིའི་རིན་ཐང་དུ་བསྒྱུར་གང་ཐུབ་བྱས་ཡོད།
“དེ་སྔ་ང་ཚོས་རིག་འཛིན་ལགས་ཀྱི་ལས་ཀར་བསམ་ཤེས་ཐུབ་ཀྱི་མེད། ཤིང་འཛུགས་མཐའ་འཁྱོངས་བྱེད་དོན་གང་ཡིན་ནམ། དེ་ཟ་ལོག་གི་རེད་དམ”ཞེས་པའི་སྐད་ཆ་དུམ་བུ་དེ་ནི་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་གདོང་དཀར་སྡེ་ཁུལ་ཚོགས་ཆུང་གཉིས་པའི་གྲོང་མིའི་འཁང་རའི་ཚིག་ཡིན། ད་ཆ་སྡེ་ཁུལ་གྱི་གྲོང་མིས་ཉིན་ལྟར་རང་འགུལ་ངང་རི་ལ་ཆུ་བཏང་ནས་རང་ཁྱིམ་གྱི་ཕྲུ་གུར་བྱམས་སྐྱོང་བྱེད་པ་བཞིན་སྡོང་ཕྲུག་ལ་གཅེས་སྐྱོང་བྱེད་པའི་རྒྱུ་མཚན་གང་ཡིན་ནམ།
གདོང་དཀར་སྡེ་ཁུལ་ཚོགས་ཆུང་གཉིས་པ་གནས་སའི་ཤེལ་དཀར་རི་བོ་ནི་དེ་སྔ་སྐྱ་ཐེར་ཐེར་གྱི་བྲག་རི་ཞིག་ཡིན་པས“ཤིང་སྡོང་རྐང་གཅིག་ཀྱང་མེད་པ”དང་དབྱར་ཁ་སྐམ་ཤས་ཆེ་བ་དང་དགུན་ཁ་བྱེ་རླུང་ལྡངས་བས་སྡོད་གནས་ཀྱི་ཁོར་ཡུག་ཞན་པོ་དེས་སྡེ་ཁུལ་གྱི་མང་ཚོགས་ལ་བཟོད་པར་དཀའ་བའི་སྡུག་བསྔལ་ཆེན་པོ་བཟོ་ཡི་ཡོད། 2012ལོར“ཕ་ཚ་བུ་རྒྱུད་ལ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་འཇོག་པའི”ཐོག་མའི་བསམ་འདུན་མཐའ་འཁྱོངས་བྱས་ཏེ་ཚོགས་ཆུང་གཉིས་པའི་ཙུའུ་ཀྲང་རིག་འཛིན་གྱིས་སྡེ་ཁུལ་མང་ཚོགས་ཀྱི་སྣེ་ཁྲིད་དེ་འོས་འགན་ཤིང་འཛུགས་བྱེད་འགོ་བཙུགས་ནས་འཚོ་སྡོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སེམས་ཐག་བཅད།
“དང་ཐོག་མང་ཚོགས་ཀྱིས་བསམ་ཤེས་མི་བྱེད་པ་མ་ཟད། མི་འགའ་ཞིག་གིས་ད་དུང་ལས་ཀ་དེར་མི་འདོད་པའི་རྣམ་འགྱུར་ཡང་བསྟན་ཡོད། ང་ཚོས་ཕྱོགས་གཅིག་ནས་ཁྱིམ་ཚང་རེ་རེ་བཞིན་དུ་བསམ་བློའི་ལས་དོན་བསྒྲུབས་པ་དང་། ཕྱོགས་གཞན་ཞིག་ནས་ལོ་ལྟར་ཤིང་འཛུགས་མཐའ་འཁྱོངས་བྱས་པས་རི་ཀླུང་རིམ་བཞིན་སྔོ་ལྗང་དུ་འགྱུར་བ་མ་ཟད། ཚང་མའི་རྣམ་འགྱུར་ཡང་རིམ་བཞིན་ཡག་ཏུ་སོང་བ་དང་། ཐ་ན་མང་ཚོགས་ལ་ལས་སྔོ་ལྗང་བྱ་གཞག་ནང་ཧུར་ཐག་ཞུགས་ཀྱི་ཡོད”2012ལོ་ནས་2022ལོའི་བར་ཚོགས་ཆུང་གཉིས་པས་སྡོང་ཕྲུག་མུའུ་2000ཙམ་བཏབ་ཡོད། ལོ་བཅུ་ཕྲག་ཁ་ཤས་རིང་རྩྭ་རྐང་གཅིག་ཀྱང་མི་སྐྱེ་བའི་ས་ཆར་ད་ཆ་ལྗོན་ཤིང་གི་ནགས་ཚལ་ལ་གྱུར་ཡོད་ཅེས་རིག་འཛིན་གྱིས་ངོ་སྤྲོད་བྱས།
2022ལོར་སྡེ་ཁུལ་དེ་ལྗོངས་ཡོངས་ཀྱི་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ནང་ཞུགས་མཁན་གྲོང་མི་ཨུ་ལྷན་དང་པོར་གྱུར་ནས་མ་དངུལ་སྒོར་ཁྲི་39900.4བརྩོན་ལེན་བྱས་ཏེ་གདོང་དཀར་ཡུག་ཁུལ་ཨང་2པའི་མུའུ་2242.5ཡི་ནགས་བཟོའི་ལས་འགན་འཁུར་བ་དང་། མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་མིང་ཐོ་བཀོད་ནས་སྔོ་འགྱུར་ནགས་བཟོའི་བདག་སྐྱོང་བ་ཧུར་ཐག་བྱེད་བཞིན་ཡོད། ལོ་བཅུ་གྲངས་རིང་སྡེ་ཁུལ་གྱིས་ཤིང་འཛུགས་ལ་བརྟེན་ནས་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་བཏང་བ་མ་ཟད། མཉམ་སྡེབ་ཐོན་ལས་ཁག་གཅིག་དར་རྒྱས་ཡོང་བར་སྐུལ་ཁྲིད་ཀྱང་བྱས་པ་སྟེ། དཔེར་ན། ཆུ་རྒྱལ་རྒྱག་ས་དང་རྐང་རྩེད་སྤོ་ལོ་རྒྱག་ས་སོགས་འཁྲུག་ཆ་དོད་དུ་ཕྱིན་ནས་མཐའ་འཁོར་མང་ཚོགས་གཟའ་མཇུག་དང་དུས་ཆེན་གྱི་ངལ་གསོའི་སྐབས་སྤྲོ་གསེང་རོལ་རྩེད་བྱ་ཡུལ་གྱི་གནས་མཆོག་ཅིག་ཏུ་གྱུར་ནས་རྟག་ཏུ་མིས་ཁེངས་པ་མ་ཟད། ཡོང་འབབ་ཀྱང་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད།
དེ་སྔའི་རི་རྒོད་ད་ཆ་སྔོ་ལྗང་གིས་རྒྱན་པ་དང་། ཤེལ་དཀར་རི་བོར་བཙུགས་པའི“ཤིང་འཛུགས་བྱེད་པ་ནི་ཕྱུག་པོ་ཆགས་རྒྱུ་དང་ནགས་བཟོ་བྱེད་པ་ནི་བདེ་སྐྱིད་བསྐྲུན་པའི”སྦྱར་ཡིག་དེ་ནི་གདོང་དཀར་སྡེ་ཁུལ་གྱི་ཚོགས་ཆུང་གཉིས་པའི་བདེ་སྐྱིད་ལྡན་པའི་འཚོ་བར་འགྲེལ་བཤད་ཡག་ཤོས་བརྒྱབ་པ་ཞིག་ཡིན།
དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ལྗོངས་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ནུས་ཤུགས་ཡོད་རྒུས་འགག་སྒྲོལ་དཀའ་སེལ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ནས་ལྷ་ས་འདི་ཉིད་སྔོ་ལྗང་རི་བོ་དང་དྭངས་གཙང་ཆུ་མོས་བསྐོར་བའི་སྐྱེ་ཁམས་གནས་འཕྲོད་ཀྱི་ལྟེ་བའི་གྲོང་ཁྱེར་དུ་བསྐྲུན་ནས་ས་མཐོའི་སྐྱེ་ཁམས་ཤེས་དཔལ་སྔོན་བསྟར་དཔེ་སྟོན་ཁུལ་དང་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།