དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ལྷ་སས་སྐྱེ་ཁམས་གནས་འཕྲོད་ཀྱི“ཁམ་བུའི་མེ་ཏོག་ལྡུམ་ར”བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-05-23

    འདི་ལོ། ལྷ་སའི་ཕ་བོང་ཁར་བཞད་པའི་ཁམ་བུའི་མེ་ཏོག་གིས་དེ་སྔ་ལྟར་གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ནས་ཡོང་མཁན་མཚམས་ཆད་རྒྱུ་མེད། ཉེ་བའི་ལོ་ཤས་རིང་ལྷ་སའི་ལྷོ་བྱང་སྐོར་ལམ་བརྒྱུད་དུ་ཁམ་བུའི་མེ་ཏོག་མང་པོ་བཞད་ཡོད་པ་གྲོང་མི་མང་པོ་ཞིག་གིས་ཤེས་ཡོད། དེ་ནི་ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཀྱིས་སྐུལ་འདེད་ཤུགས་ཆེན་བཏང་བའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་ཕན་བཏགས་པ་ཞིག་ཡིན་ཞིང་། ལྷ་ས་གྲོང་ཁྱེར་མཐའ་འཁོར་གྱི་ལྗོན་ཤིང་སྔོ་ཐིང་ངེར་གནས་པ་དང་དཔྱིད་ཀ་སླེབས་སྐབས་ཁམ་བུའི་མེ་ཏོག་རབ་ཏུ་བཞད་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།

    “ང་ཚོའི་རྟེན་གཞི་ཁོ་ནར་བོད་ཀྱི་སྟར་སྡོང་ཁྲི་བཞི་ལྷག་ཙམ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ནང་ཚུད་ཡོད”ཅེས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཙེང་ཤིའུ་ལིས་བཤད།

    ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཧྲང་ཏེ་ཡིས། 2022ལོ་དང་2023ལོར་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་སྟར་སོན་ཁོ་ན་སྤྱི་རྒྱ་3000ལྷག་ཙམ་བཏབ་ནས་སྔོན་དཔག་བྱས་ན། སྡོང་ཕྲུག་རྐང་ཁྲི་15ཐོན་རྒྱུ་དང་། སྟར་སྡོང་ཁྲི་40ལྷག་ཙམ་འདེབས་རྩིས་ཡོད་པའི་ནང་སྡོང་རྐང་ཁྲི་21བཏབ་ཟིན་ཡོད་ཅེས་ངོ་སྤྲོད་བྱས།

    ཝང་ཧྲང་ཏེ་ཡིས། ལྷོ་རི་བྱང་རིའི་སྔོ་འགྱུར་ཇུས་འགོད་བྱེད་སྐབས་རི་ཀླུང་སྔོ་ལྗང་ཅན་དུ་འགྱུར་བར་བསམ་གཞིག་བྱེད་པ་དང་ཆབས་ཅིག རི་སྔོན་ཆུ་དྭངས་གསེར་དངུལ་རིར་འགྱུར་བ་དང་ལྷོ་རི་བྱང་རི་མེ་ཏོག་དང་ཤིང་ཏོག་གི་རི་བོ་དང་ནོར་གཞོང་དུ་འགྱུར་བར་དེ་བས་བསམ་གཞིག་བྱས་ཡོད། ཇུས་འགོད་པས་སྟར་ཁ་དང་། ཁམ་བུ། གླ་ཚེར་སོགས་དཔལ་འབྱོར་ནགས་ཤིང་ནང་འདྲེན་བྱས་ཏེ་ལྷོ་རི་བྱང་རིའི་ནགས་བཟོ་ཤིང་འཛུགས་སུ་བརྩིས་ཏེ་ཕྱོགས་གཅིག་ནས“དཔྱིད་ཀར་མེ་ཏོག་ཤར་བ་དང་སྟོན་ཁར་འབྲས་བུ་སྨིན་པའི”དམིགས་ཚད་མངོན་འགྱུར་ཐུབ་སྟེ་སྐྱེ་ཁམས་ཡུལ་སྐོར་དང་གླིང་ཁའི་དཔལ་འབྱོར་ལ་སྐུལ་ཁྲིད་ཐུབ་རྒྱུ་དང་། ཕྱོགས་གཞན་ཞིག་ནས་དཔལ་འབྱོར་ནགས་ཤིང་ནགས་ཚལ་དུ་གྱུར་རྗེས། ནགས་ཞོར་ཐོན་རྫས་ཀྱིས་ས་གནས་དེ་གའི་མི་སེར་ལ་དཔལ་འབྱོར་གྱི་ཁེ་ཕན་ཐོབ་རྒྱུ་རེད་ཅེས་བཤད།

    ད་ལྟ་སྐུལ་འདེད་གཏོང་བཞིན་པའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཡང་ཚེར་སྔོན་འབྲས་བུ་དང་། ཤིང་ཁམ། ཆུ་སི་མ་སོགས་དཔལ་འབྱོར་ནགས་ཤིང་གི་ཚོད་ལྟའི་དཔེ་སྟོན་ཡང་བྱས་ཡོད། ཚོད་ལྟ་བྱས་འབྲས་ལ་གཞིགས་ན། ལྷོ་རི་བྱང་རིའི་སྔོ་འགྱུར་བྱེད་རིང་དཔལ་འབྱོར་ནགས་ཤིང་བེད་སྤྱོད་སྔར་བས་རྒྱ་ཆེར་གཏོང་རྒྱུ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ལས་གྲྭ་དེར་ཁམ་སྡོང་ཁྲི་150ལྷག་ཙམ་འདེབས་རྩིས་ཡོད་པའི་ཁྲོད་ཁྲི་13ཙམ་བཏབ་ཟིན་པ་དང་། སྟར་སྡོང་4000འདེབས་རྩིས་ཡོད་པ་སྤྱིར་ཚང་མ་བཏབ་ཟིན་པ། གླ་ཚེར་ཁྲི་1335ལྷག་ཙམ་འདེབས་རྩིས་ཡོད་པའི་ནང་ཁྲི་1020ཙམ་བཏབ་ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།