འོད་ཤུགས་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ། ལྗང་མདོག་འཕེལ་རྒྱས་རྣམ་པ་གསར་པ་མངོན།
—— རང་ལྗོངས་ཀྱི་ས་གནས་ཁག་གིས་ནུས་རྒྱུ་གཙང་མའི་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།
ཉེ་བའི་ལོ་ཤས་རིང་། “ཁེ་ལས་ཆེ་བ་ལྔ་དང་ཆུང་བ་དྲུག”གི་གློག་གཏོང་ཚོགས་པས་བོད་ལ་མ་དངུལ་ཧུར་ཐག་བཏང་སྟེ་རང་ལྗོངས་ཀྱི་ས་གནས་ཁག་གི་ནུས་རྒྱུ་གཙང་མའི་ཐོན་ལས་རྣམ་གྲངས་སྔ་རྗེས་སུ་དོན་འཁྱོལ་བྱས་པས་ལྗོངས་ཡོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་གོ་སྐབས་བཟང་པོ་འཕྲད་ཡོད། འདི་ལོ་ནས་བཟུང་། རང་ལྗོངས་ཀྱི་ས་གནས་ཁག་གིས་ནུས་རྒྱུ་གཙང་མའི་མི་མངོན་པའི་སྟོབས་ཤུགས་ཟམ་མི་ཆད་པར་སྔོག་འདོན་བྱས་ཏེ་ནུས་རྒྱུ་གཙང་མའི་རྣམ་གྲངས་ཁག་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མཐུད་འཛུགས་རྣམ་གྲངས་ཀྱི་ལས་ཐོན་བསྐྱར་ཚུགས་དང་རྣམ་གྲངས་གསར་པའི་དུས་འགོའི་ལས་དོན་ལ་མུ་མཐུད་དམ་འཛིན་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཧུར་ཐག་གཏོད་བཞིན་ཡོད།
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་ཤང་ས་སྨད་གྲོང་ཚོར་མ་དངུལ་སྒོར་དུང་ཕྱུར་6.2བཏང་བའི་བོད་ལྗོངས་ཧྭ་གློག་ལྷ་སའི་ཆུ་ཤུར་ཚ་རགས་ཀྱི་100MWཟིན་པའི་འོད་ཤུགས་གློག་གཏོང་རྣམ་གྲངས་བྲེལ་བརྩོན་ཆེན་པོས་སྐྲུན་བཞིན་ཡོད། རྣམ་གྲངས་སྐྲུན་ཡུལ་དུ་བཟོ་པ་ལ་ལས་འོད་ཤུགས་ཀྱི་ལྷུ་ལག་སྒྲིག་སྦྱོར་བྱེད་པ་དང་། ལ་ལས་གློག་སྐུད་འཁྲིད་པ། ལ་ལས་སྒྲིག་ཆས་སྙོམས་སྒྲིག་བྱས་ཏེ་ལས་ཡུལ་ཧྲིལ་པོར་ཚ་ཚ་འུར་འུར་ངང་ཨར་སྐྲུན་བྱེད་པའི་རྣམ་པ་ཞིག་མངོན་བཞིན་པ་གསར་འགོད་པས་མཐོང་བྱུང་།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་གིས་གཞུང་ཆུ་རྒྱུག་ཁུལ་གྱི་སྐས་རིམ་གློག་ཁང་གསར་སྤེལ་བྱ་ཡུལ་གཙོ་བོར་བརྩིས་པའི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། 2024ལོར་ལྷོ་བྲག་རྫོང་གིས་ནུས་རྒྱུ་གཙང་མའི་གཙོ་གནད་རྣམ་གྲངས་2བཀོད་སྒྲིག་བྱས་པ་སྟེ། ཁྱོན་མ་དངུལ་སྒོར་དུང་ཕྱུར་3.2བཏང་བའི་གནས་གྲོང་ཚོའི་50MWཟིན་པའི་འགན་སྲུང་རང་བཞིན་གྱི་གློག་དྲ་སྦྲེལ་བའི་འོད་ཤུགས་གློག་གཏོང་རྣམ་གྲངས་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་32.33བཏང་བའི་ཟངས་ཕུག་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་རྣམ་གྲངས་ཡིན་པ་རེད།
ལྷོ་བྲག་རྫོང་གི་འབྲེལ་ཡོད་འགན་འཁུར་བས། རྫོང་དེ་གའི་ནུས་རྒྱུ་གཙང་མའི་རྣམ་གྲངས་གཙོ་བོར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། ལྷོ་བྲག་རྫོང་གིས་རྫོང་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་དང་། རྫོང་སྲིད་གཞུང་གི་ཚན་ཁག་གི་ཁོངས་མིས་ཙུའུ་ཀྲང་གཞོན་པ། སྲིད་གཞུང་གི་འགན་ནུས་སྡེ་ཚན་ཁག་གི་འགོ་ཁྲིད་གཙོ་བོས་ཁོངས་མི་བཅས་བྱས་པའི་རྣམ་གྲངས་འགན་གཙང་ལམ་སྲོལ་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་འབྲེལ་ཡོད་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས།
མངའ་རིས་ས་ཁུལ་རྒྱ་སྨུག་གི་ཆན་ཧྥུའུ་110ཟིན་པའི་གློག་སྒྱུར་ས་ཚིགས་ཀྱི་ཨར་སྐྲུན་ལས་ཡུལ་དུ་འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་པ་དང་ལས་བཟོ་ཚོས་རང་འགན་ཁུར་ནས་རྣམ་གྲངས་གང་མགྱོགས་བསྐྲུན་ཏེ་གང་སར་བྲེལ་བརྩོན་གྱི་རྣམ་པ་ཞིག་མངོན་པ་གསར་འགོད་པས་མཐོང་བྱུང་། “རྣམ་གྲངས་དེ་ནི་བོད་ཀྱི《གློག་གཏོང་གློག་དྲའི་འཆར་འགོད(2021ལོ་ནས་2025ལོ་བར)》‘ལོ་ལྔ་ཚན་བཅུ་བཞི་པ’ལག་ལེན་བསྟར་བའི་རྣམ་གྲངས་ཤིག་ཡིན་ལ།
2024ལོའི་མངའ་རིས་ས་ཁུལ་གྱི་གཙོ་གནད་མཁོ་སྤྲོད་འགན་ལེན་གྱི་རྣམ་གྲངས་ཤིག་ཀྱང་ཡིན”ཞེས་རྒྱལ་ཁབ་གློག་དྲ་བོད་ལྗོངས་མངའ་རིས་གློག་གཏོང་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དགེ་ལེགས་ཆོས་འཕེལ་གྱིས་ངོ་སྤྲོད་བྱས་ཤིང་། ཁོང་གིས་མིག་སྔར་གློག་སྒྱུར་ས་ཚིགས་ཀྱི་རམ་འདེགས་སྒྲིག་ཆས་ཁག་གཅིག་གི་རྩིག་རྨང་སྔོག་འདོན་དང་ཨར་རྒྱག་ལས་དོན་བསྒྲུབས་ཟིན་ནས་ལས་གྲྭ་སྤྱི་ཡོངས་ཀྱི་5%ལེགས་གྲུབ་ཟིན་པ་དང་། གློག་སྐུད་འཁྲིད་རྒྱུའི་ཐད་70%ཡས་མས་ལེགས་གྲུབ་ཟིན་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་སྨུག་གློག་སྒྱུར་ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.2བཏང་བ་དང་། གློག་སྒྱུར་ས་ཚིགས་ལ་ཀྲའོ་ཧྥུའུ་40ཟིན་པའི་གློག་སྒྱུར་ཆས་2བསྒར་རྩིས་ཡོད་པ་མ་ཟད། གློག་ཁྲིད་ཟིན་ནས་སྤྱོད་བཞིན་པའི་སེང་གེ་ཁ་འབབ་ཀྱི་ཆན་ཧྥུའུ་110ཟིན་པའི་གློག་སྒྱུར་ས་ཚིགས་ཡོད་པས་སེང་གེ་ཁ་འབབ་གྲོང་ཁུལ་ལ་ཆན་ཧྥུའུ་110ཟིན་པའི་གློག་སྒྱུར་ས་ཚིགས་གཉིས་སྐྲུན་རྩིས་ཡོད་པ་རེད། དེ་དང་ཆབས་ཅིག་མངའ་རིས་ས་ཁུལ་གྱི་ནུས་རྒྱུ་གསར་པའི་ཆན་ཧྥུའུ་110ཟིན་པའི་གློག་ཕྱིར་གཏོང་ལས་གྲྭ(ཀྲུང་གོ་ཀོང་ཧོ་འོད་ཤུགས་གློག་གསོག་ནས་རྒྱ་སྨུག་གི་ཆན་ཧྥུའུ་110ཟིན་པའི་གློག་ལམ་བར)སྐྲུན་ཡུལ་དུ་བཟོ་པ་ཚོས་བཟོ་གྲྭའི་ནང་ཨར་ལས་རྒྱུ་ཆ་དབོར་བཞིན་ཡོད། རྣམ་གྲངས་དེའི་ལམ་ཐིག་གི་རིང་ཚད་ལ་སྤྱི་ལེ་15ཙམ་ཟིན་པས། དེ་བསྐྲུན་ཟིན་རྗེས་མངའ་རིས་ས་ཁུལ་གྱི་ནུས་རྒྱུ་གཙང་མ་སེང་གེ་ཁ་འབབ་གྲོང་ཁུལ་གྱི་ལྟེ་གནས་སུ་གཏོང་རྒྱུར་རམ་འདེགས་ཐུབ་རྒྱུ་རེད། “སྔོན་དཔག་བྱས་ན། རྣམ་གྲངས་དེ་ཟླ་9ཚེས་30ཉིན་བསྐྲུན་ཟིན་ནས་སྤྱོད་རྒྱུ་ཡིན་པ་དང་། གློག་གཏོང་འགོ་ཚུགས་རྗེས་ལོ་ལྟར་སེང་གེ་ཁ་འབབ་དང་ཉེ་འཁོར་གྱི་རྫོང་གྲོང་དུ་ནུས་རྒྱུ་གཙང་མའི་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་1གཏོང་ཐུབ་རྒྱུ་རེད”ཅེས་རྣམ་གྲངས་འགན་འཁུར་བས་ངོ་སྤྲོད་བྱས།
ད་ཆ། རང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཛུགས་སྐྲུན་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་བྱུང་ནས་ཕྱིས་འབྱུང་མདུན་ལམ་ཆེན་པོ་ལྡན་ཡོད། གསར་འགོད་པར་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་འབྲེལ་ཡོད་བསྡོམས་རྩིས་ལས་ཤེས་རྟོགས་བྱུང་བར། མིག་སྔའི་བར། རང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་གློག་གཏོང་ཚད་ཀྱིས་ཁྱོན་སྒྲིག་སྦྱོར་འཕྲུལ་འཁོར་གློག་གཏོང་ཚད་ནང་བཟུང་བའི་བསྡུར་ཚད་90%ལས་བརྒལ་བའི་ཁྲོད་ཆུ་གློག་53.72%དང་། འོད་ཤུགས་36.32% རླུང་གློག་1.4%བཅས་ཟིན་ཏེ་སྤྱིར་ན་བོད་ཀྱི་གློག་དྲར་ནུས་རྒྱུ་གཙང་མའི་གློག་མཁོ་འདོན་ཐུབ་ཡོད།