ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》བོད་ ཀྱི་ཡུལ་སྐོར་གྱི་དམིགས་ས་གསར་པར་གྱུར་པ།
“ལྔ་གཅིག”གུང་གསེང་རིང་། ལྷ་ས་སྐྱིད་ཆུའི་ངོགས་ཀྱི་བུམ་པ་རིའི་འདབས་སུ་གནས་པའི་འུན་ཤིང་ཀོང་ཇོའི་འཁྲབ་ར་གཙོ་བོའི་གཟི་འོད་འཕྲོ་བའི་ཕོ་བྲང་རི་བོའི་ཁྲོད་འགྱིང་ངེར་གནས་ཤིང་། ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》དེ་སྐར་ཚོགས་དང་རི་ཀླུང་རྒྱབ་ལྗོངས་སུ་བྱས་པ་དང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བས་འུན་ཤིང་ཀོང་ཇོའི་རྗེས་ཤུལ་ལ་སྙེགས་ནས་མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་ལོ་རྒྱུས་སྙན་ངག་ཉན་བཞིན་ཡོད།
བོད་དུ་ཡོང་ཐེངས་དང་པོ་ཡིན་པའི་ཧུའུ་པེའི་ཡུལ་སྐོར་བ་ཨ་ཅག་ཡུན་ལགས་ཀྱིས་འཁྲབ་སྟོན་ལ་བལྟས་རྗེས“ལྟད་མོ་ཆེ་ལ་མི་སེམས་འགུལ་བ་ཞིག་འདུག”ཅེས་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་ཡོད། རྩེར་སོན་གྱི་གར་སྟེགས་ཀྱི་མཛེས་རྩལ་དང་གློག་སྒྲོན་ཕུད། ཡིད་དབང་འཕྲོག་པའི་ཟློས་གར་གྱི་ནང་དོན་དང་ཨར་ཀ་གཅོག་པ་སོགས་མངོན་མིན་རིག་གནས་ཤུལ་བཞག་མིག་ལམ་དུ་མངོན་པ་ལས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད་པ་རེད།
ཟློས་གར་ལ་བལྟས་རྗེས། ཨ་ཅག་ཡུན་ལགས་དང་ནང་མི་རྣམས་འུན་ཤིང་ཀོང་ཇོའི་བོད་ཀྱི་རིག་གནས་མཛེས་ལྗོངས་ཁུལ་དུ་ཡོང་ནས《འུན་ཤིང་ཀོང་ཇོའི》རིག་གནས་བསམ་བཀོད་ཐོན་རྫས་མང་པོ་ཉོས་པ་རེད། ཨ་ཅག་ཡུན་ལགས་ཀྱིས་གསར་འགོད་པར“ཕོ་བྲང་པོ་ཏ་ལར་ཡུལ་སྐོར་ལ་སྐྱོད་པ་དང་། བར་སྐོར་ཁྲོམ་གཞུང་བསྐོར་བ། ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས་《འུན་ཤིང་ཀོང་ཇོ》ལ་ལྟ་བ་བཅས་ནི་ལྷ་སར་ཡུལ་སྐོར་བྱེད་པར་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད”ཅེས་བརྗོད།
འབྲེལ་ཡོད་གྲངས་གཞི་ལས་མངོན་པར། 2024ལོའི“ལྔ་གཅིག”གུང་གསེང་རིང(ཟླ་5ཚེས་1ནས་5ཉིན་བར)ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་134.82ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་15.46%འཕར་བ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་9.75ཟིན་པ་དེ་དུས་མཚུངས་ལས་14.98%འཕར་ཡོད། རིག་གནས་དང་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་འཁྲུག་ཆ་དོད་དུ་ཕྱིན་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འཕར་ཚད་གསར་པ་བྱུང་ཡོད།
བོད་ཀྱི་ཡུལ་སྐོར་གྱི་ཚད་ཤིང་གསར་པ་ཡིན་པའིལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས་《འུན་ཤིང་ཀོང་ཇོ》2023ལོར་འཁྲབ་སྟོན་ཐེངས་235བྱས་པ་དང་། མིག་སྔའི་བར་འཁྲབ་སྟོན་གྱི་དུས་ཚིགས་11པར་སླེབས་ཤིང་། རིམ་རྩིས་བྱས་ན་འཁྲབ་སྟོན་ཐེངས་1900ལྷག་ཙམ་བྱས་པ་དང་། འཁྲབ་སྟོན་དང་དེ་བཞིན་ཡུལ་སྐོར་གྱི་ལེ་ལག་ཚང་བའི་རྣམ་གྲངས་ཀྱིས་རིམ་རྩིས་བྱས་ན་ལྟད་མོ་བ་མི་ཐེངས་ཁྲི་3000ལྷག་ཙམ་ལ་སྣེ་ལེན་ཞུས་པར་རྣམ་གྲངས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་13.5ལྷག་ཙམ་ཟིན་ཡོད་པ་རེད། 2020ལོ་ནས་2023ལོ་བར་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ལོ་4བསྟུད་མར་རྒྱལ་ཡོངས་ཀྱི་ཡུལ་སྐོར་འཁྲབ་སྟོན་སྤ་སེའི་ཨང་རིམ་བཅུ་ཡི་གྲས་སུ་ཚུད་པ་དང་། 2023ལོར་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》དེ་རྒྱལ་ཡོངས་ཀྱི“རྫོང་རེ་ལ་ཐོན་རྫས་རེའི”ཁྱད་ལྡན་རིག་གནས་སྒྱུ་རྩལ་གྱི་དཔེ་མཚོན་ཁག་དང་པོ་དང་རྒྱལ་ཡོངས་ཀྱི་ཡུལ་སྐོར་འཁྲབ་སྟོན་རྩེར་སོན་གྱི་མིང་གཞུང་ནང་ཚུད་པ། 2024ལོར་2023ལོའི་རྒྱལ་ཡོངས་འཁྲབ་སྟོན་ཁྲོམ་རའི་སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཅིག་གྱུར་གྱི་ཕུལ་བྱུང་འཁྲབ་སྟོན་རྣམ་གྲངས་ནང་བདམས་པ་དེས་ལྗོངས་ཡོངས་ཀྱི་ཡུལ་སྐོར་དཔལ་འབྱོར་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་མ་ནུས་ལྡན་ཐེབས་ཡོད་པ་རེད།
《འུན་ཤིང་ཀོང་ཇོ》འཁྲབ་སྟོན་ཚོགས་ཆུང་གི་འགན་འཁུར་བ་དང་ཡུས་ཧྲང་ཧོ་མེ་རིག་གནས་ཡུལ་སྐོར་མ་རྐང་ཚོགས་པའི་ཙུང་ཚའེ་ལི་ཡོན་ཡོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཚོགས་པས་ཟློས་གར་ནང་གི་མི་སྣ་གཙོ་བོ་འུན་ཤིང་ཀོང་ཇོ་དང་སྲོང་བཙན་སྒམ་པོའི་རྩེར་སོན་གཟུགས་བརྙན་མ་དཔེར་བྱས་ནས་འུན་ཤིང་ཀོང་ཇོ་བརྗོད་དོན་གཙོ་བོར་བྱེད་པ་དང་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཁྱད་ཆོས་སུ་བྱས་པའི་རིག་གནས་བསམ་བཀོད་ཐོན་རྫས་རབ་དང་རིམ་པ་གསར་སྤེལ་དང་ཞིབ་བཟོ་བྱས་པར་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་པ་དང་། འུན་ཤིང་ཀོང་ཇོ་བརྗོད་དོན་གཙོ་བོར་བྱས་པའི་རིག་གནས་ཡུལ་སྐོར་ཐོན་ལས་འཁོར་འབྲེལ་ལེགས་སུ་ནུས་ལྡན་ཕྱིན་ཡོད་པ་རེད།