ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་བ།
ཟླ་5པར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོར་སྐྱོད་སྐབས་དེ་སྔའི་རི་རྒོད་དག་སྔོ་ཁེབས་ཀྱིས་བཀླུབས་ནས་སྔོ་ཐིང་ངེར་གྱུར་ཏེ་མི་རྣམས་ལ་བློ་བདེ་བག་ཕེབས་ཀྱི་ཚོར་སྣང་ཞིག་སྦྱིན་འོང་།
གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོའི་ཚོགས་ཆུང་གསུམ་པར་གནས་པའི་ལྷ་སའི་ལྷོ་རི་བྱང་རིའི་སྟོད་ལུང་བདེ་ཆེན་ཆུས་ཀྱི་ནགས་བཟོ་སྔོ་འགྱུར་ལས་གྲྭའི(གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོའི་ཡུག་ཁུལ་དང་པོ)ཡུལ་དངོས་སུ་སྐྱོད་སྐབས་ལས་གོས་ལྗང་གུ་གྱོན་པའི་ལས་དོན་མི་སྣས་ཕན་ཚུན་གཞོགས་འདེགས་བྱས་ནས། ས་དོང་འདྲུད་པ་དང་། སྡོང་ཕྲུག་འཛུགས་པ། ཆུ་རྒྱག་པ་བཅས་ཀྱི་ལས་ཀ་གཅིག་རྗེས་གཉིས་མཐུད་ཀྱིས་བསྒྲུབས་པར་ཤུག་པ་དང་ཡོ་དཀར་སོགས་ཀྱི་སྡོང་ཕྲུག་སྟར་པ་ཁྱུ་ང་ཚོའི་མིག་ལམ་དུ་འཆར་འོང་།
ལྷ་སའི་ལྷོ་རི་བྱང་རིའི་སྟོད་ལུང་བདེ་ཆེན་ཆུས་ཀྱི་ནགས་བཟོ་སྔོ་འགྱུར་ལས་གྲྭའི(གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོའི་ཡུག་ཁུལ་དང་པོ)རྣམ་གྲངས་ཀྱི་འགན་འཁུར་བ་སུའུ་ཞའོ་ཡུས་ཀྱིས། གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོའི་ཡུག་ཁུལ་དང་པོའི་ནགས་བཟོའི་རྣམ་གྲངས་ཀྱི་རྒྱ་ཁྱོན་མུའུ་2492.5 ཡིན་པ་དང་། རྣམ་གྲངས་དེ་2023ལོའི་ཟླ་5པར་དངོས་སུ་ལས་འགོ་བཙུགས་པར་མིག་སྔའི་བར་ནགས་བཟོ་སྔོ་འགྱུར་མུའུ་2200ལེགས་གྲུབ་ཟིན་ནས་ཞིབ་བཤེར་རྩིས་ལེན་བྱེད་ཉེར་ཡོད་ཅེས་ངོ་སྤྲོད་བྱས།
མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱ་ཆེད། འབྲོག་མ་གྲོང་ཚོས་ནགས་བཟོ་ཁེ་ལས་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་ས་གནས་དེ་གའི་མང་ཚོགས་ལྷོ་རི་བྱང་རིའི་སྔོ་འགྱུར་འཛུགས་སྐྲུན་དང་བདག་སྐྱོང་ནང་ཞུགས་སུ་བཅུག་པ་དང་། ངལ་ལས་རྩ་འཛུགས་བཙུགས་ཏེ་རེས་སྐོར་ལམ་ལུགས་གཞིར་བཟུང་མི་རེར་ཉིན་གླ་སྒོར་250དང་ཞིང་སྤྱོད་རླངས་འཁོར་ལ་ཉིན་གླ་སྒོར་400སྤྲོད་པ་སོགས་ཀྱི་ཚད་གཞིར་གཞིགས་ནས་ཉིན་ལྟར་མཁོ་བའི་མི་གྲངས་དང་འཕྲུལ་ཆས་མངགས་ཀྱི་ཡོད་པ་རེད། 2023ལོར་རྣམ་གྲངས་དེས་རིམ་རྩིས་བྱས་ན་འབྲོག་མ་གྲོང་ཚོའི་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་980ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་ཏེ་མང་ཚོགས་ལ་འབབ་འཕར་གྱི་ཐབས་ལམ་གསར་པ་ཞིག་བསྣན་པ་རེད།
སྡོང་ཕྲུག་འཛུགས་བཞིན་ཡོད་པའི་གནས་ཆུང་ཁྲོམ་གཞུང་འབྲོག་མ་ཚོགས་ཆུང་གསུམ་པའི་གྲོང་མི་ཡེ་ཤེས་རྡོ་རྗེ་ནི་ཁེ་ཕན་ཐོབ་མཁན་གྱི་གྲས་ཤིག་རེད། ཁོང་གིས་གསར་འགོད་པར“ས་སྐྱེས་རྡོ་སྐྱེས་ཀྱི་གྲོང་མི་ཞིག་ཡིན་པའི་ངོས་ནས་ང་རང་ལྷོ་རི་བྱང་རིའི་སྔོ་འགྱུར་དང་བདག་སྐྱོང་ནང་ཞུགས་ནས་ཟླ་བ་གཅིག་ལྷག་ཙམ་སོང་བ་དང་གླ་ཆ་སྒོར་7500ལྷག་ཙམ་ལེན་རྒྱུ་འདུག ཁྱིམ་གྱི་ཞིང་ཁར་གཡོག་བྱེད་དང་ཆབས་ཅིག ཕ་ཡུལ་གྱི་ཁོར་ཡུག་སྲུང་སྐྱོང་བྱ་གཞག་ལ་ནུས་ཤུགས་འདོན་ཐུབ་པས། ཕ་ཡུལ་གྱི་ཁོར་ཡུག་དེ་བས་ལེགས་སུ་འགྲོ་བ་མཐོང་སྐབས་ངར་སྤོབས་པ་ཆེན་པོ་སྐྱེ་གི་འདུག”ཅེས་བཤད།
ད་ཆ་སྟོད་ལུང་བདེ་ཆེན་ཆུས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ཕྱུགས་བཀག་རྩྭ་གསོའི་ལས་དོན་ཕན་ནུས་ལྡན་ལ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། གནས་ཆུང་ཁྲོམ་གཞུང་འབྲོག་མ་གྲོང་ཚོར་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ཕྱུགས་བཀག་རྩྭ་གསོ་བྱས་པ་ལས་གྲོང་ཚོའི་ཁོར་ཡུག་མཛེས་སུ་ཕྱིན་པ་མ་ཟད། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡང་རྒྱ་ཆེར་ཕྱིན་ནས་སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཕན་མངོན་འགྱུར་བྱུང་བ་རེད།