དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • མུན་པ་རུབ་པ་དང་བསྟུན་ནས་ཁྲོམ་གཞུང་ཆེ་ཆུང་ཀུན་ཏུ་རིམ་བཞིན་སྤྲོ་སྣང་རྒྱས།

    ལྷ་སའི་མཚན་མོའི་ཡུལ་ལྗོངས་དེ་བས་མཛེས་སྡུག་ལྡན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-15

    འདི་ནི་མཛེས་སྡུག་ལྡན་པའི་ལྷ་སའི་མཚན་ལྗོངས་ཡིན་པ།

    འདི་ནི་མཚན་མོའི་མཛེས་མཐུན་སེམས་འབྲེལ་ཟམ་པ་ཡིན་པ།

    མུན་པ་རུབ་པ་དང་བསྟུན་ནས་ལྷ་སའི་གང་སར་གློག་འོད་ཁྲ་ཆེམ་ཆེམ་འཕྲོ་བ་དང་། ཉིན་མོའི་ལས་བྲེལ་ཆེ་བའི་རྣམ་པ་མཇུག་འགྲིལ་ནས་ལྷིང་འཇགས་ཀྱི་མཚན་མོའི་འཚོ་བར་རོལ་འགོ་ཚུགས། བར་སྐོར་དང་། ཕོ་བྲང་པོ་ཏ་ལའི་ཐང་ཆེན། ཚེ་མཆོག་གླིང་སོགས་སུ་འཆམ་འཆམ་དུ་སྐྱོད་སྐབས་ཁྲོམ་གཞུང་དང་སྲང་ལམ་གང་སར་སྤྲོ་བས་ཁེངས་ནས་ཉིན་མོ་དང་གཏན་ནས་མི་འདྲ་བའི་ལྟ་ན་སྡུག་པའི་ཡུལ་ལྗོངས་ཤིག་གྲུབ།

    ཉིན་གང་རང་སོའི་ལས་ལ་བྲེལ་རྗེས། དགོང་ཟས་རྗེས་སུ་མི་ལ་ལས་འབོལ་ཁྲིའི་སྟེང་བག་ཕེབས་ངང་བསྡད་ནས་ལག་ཐོགས་ཁ་པར་དང་བརྙན་འཕྲིན་ལ་ལྟ་རྒྱུར་དགའ་པོ་ཡོད་པ་དང་། ཡང་ལ་ལ་ནང་མི་དང་གྲོགས་པོ་དང་མཉམ་དུ་ཁྲོམ་གཞུང་ལ་འཆམ་འཆམ་དུ་བསྐྱོད་ནས་མཚན་མོའི་ཡུལ་ལྗོངས་ལ་རོལ་ཏེ་ཉིན་གཅིག་གི་ངལ་དུབ་སེལ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། གལ་ཏེ་ཁྱེད་རང་ཡང་བར་གསེང་སྐབས་སུ་ཕྱི་རོལ་དུ་ཡུལ་ལྗོངས་ལ་ལྟ་རྒྱུར་དགའ་པོ་ཡོད་ན། ལྷ་སའི་མཚན་ལྗོངས་འདི་དག་ལ་ཁྱེད་རང་ཡིན་གཅིག་གཟིགས་པར་ཕེབས་དང་།

    ལྷ་སར་མཚན་ལྗོངས་ལ་རོལ་བར་ཐོག་མའི་གནས་ནི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ཡིན་ཏེ། གློག་འོད་རྣམ་པར་བཀྲ་བའི་ཕོ་བྲང་པོ་ཏ་ལ་ནི་སྔར་ནས་བཟུང་རྒྱ་ཆེའི་ཡུལ་སྐོར་བའི་པར་རྒྱག་ས་ཡག་ཤོས་ཤིག་རེད། དགོང་མོའི་ཆུ་ཚོད་8པར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་པ་དང་། པར་ལེན་ལ་དགའ་པོ་ཡོད་མཁན་མང་པོས་པར་རྒྱག་ས་ཡག་པོ་བཙལ་ནས་གློག་འོད་ཀྱིས་བརྒྱན་པའི་ཕོ་བྲང་པོ་ཏ་ལར་པར་ལེན་རྒྱུ་བསྒུགས་ནས་སྡོད་ཀྱི་ཡོད། ཆུ་ཚོད་8དང་སྐར་མ་15ཙམ་ལ་གློག་སྒྲོན་དལ་བུར་སྤར་བ་དང་བསྟུན་ནས་བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལ་རིམ་བཞིན་མི་རྣམས་ཀྱི་མིག་ལམ་དུ་གསལ་བར་གྱུར་ཅིང་། བལྟས་མ་ཐག་ཏུ་སྔར་བས་མཐོ་ལ་བརྗིད་ཉམས་ལྡན་པར་སྣང་།

    “གློག་འོད་ཆེམ་ཆེམ་འཕྲོ་བའི་ཕོ་བྲང་པོ་ཏ་ལ་ལས་མི་ཚོས་ལྷ་ས་གྲོང་ཁྱེར་གྱི་ལོ་རྒྱུས་དང་མི་ཆོས་རིག་གནས་ཀྱི་ཉམས་འགྱུར་དང་གསོན་ཤུགས་ཆེན་པོ་ལེགས་པར་ཚོར་ཐུབ”ཅེས་པར་རྒྱག་མཁན་བུད་མེད་ཀྲང་ལགས་ཀྱིས་བརྗོད། ཕོ་བྲང་པོ་ཏ་ལ་ཕུད། ད་དུང་ཐང་ཆེན་གྱི་ཟུར་དུ་ཡོད་པའི་གཞུ་དབྱིབས་ཟམ་པ་དང་། ཆུ་མོ། ལྗོངས་གཟིགས་ལྡིང་ཁང་དག་ཀྱང་གློག་འོད་དང་བསྟུན་ནས་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོད་ལ། གཞུ་དབྱིབས་ཟམ་པའི་སྟེང་ཡུལ་སྐོར་བ་བཞི་རེ་ལྔ་རེ་བྱས་ནས་པར་རྒྱག་བཞིན་ཡོད་པས་མཛེས་སྡུག་ལྡན་པའི“མཚན་མོའི་ཡུལ་སྐོར་མཛེས་རིས”ཤིག་གྲུབ་ཡོད།

    གལ་ཏེ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ནི་ལྷ་ས་གྲོང་ཁྱེར་ལྟེ་བའི་ཁུལ་གྱི་ངེས་པར་དུ་སྐྱོད་དགོས་པའི་མཚན་ལྗོངས་ལྟ་ས་ཡག་ཤོས་དེ་ཡིན་ན། ཀྲུང་ཧྭ་རིག་གནས་སྤྱི་གླིང་ནི་མཚན་ལྗོངས་ལ་རོལ་ཡུལ་ཡག་པོ་གཞན་ཞིག་རེད། སྤྱི་གླིང་དེ་ལྷ་ས་སྐྱིད་ཆུའི་ངོགས་གཉིས་སུ་ཆགས་ཤིང་། ཤར་སྣེའུ་ཟམ་ཆེན་ནས་ནུབ་ལྷ་གོང་ཟམ་ཆེན་བར་ཡིན་པ་དང་། བར་དུ་ལྷ་ས་སྐྱིད་ཆུའི་ངོགས་གཉིས་སྒྲོལ་བའི་རིང་ཚད་སྨི་1093ཟིན་པའི་མཛེས་མཐུན་སེམས་འབྲེལ་ཟམ་པས་སྦྲེལ་ཡོད། སྤྱི་གླིང་ནང་གི་སེམས་མཐུན་ཐང་ཆེན་གྱི་གཞོགས་གཉིས་སུ་བཟོ་དབྱིབས་མི་འདྲ་བའི་འཇིམ་བརྐོས་རོལ་ཆ་རིགས་མི་འདྲ་བ་56བཞག་ཡོད་པ་དག་ལས་མི་རིགས་56གིས་ཀྲུང་གོའི་རོལ་དབྱངས་མཉམ་དུ་དཀྲོལ་བ་མཚོན་ཡོད། མཚན་མོ་འཆར་རིམ་བཞིན། ཐང་ཆེན་སྟེང་གི་སྐུལ་འོད་གནས་གཅིག་ཏུ་འཕྲོས་པ་ལས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོ་ཞི་མཐུན་མཉམ་འདྲེས་ཐུབ་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་རྔམ་བརྗིད་ཆེ་བའི་རོལ་དབྱངས་མཉམ་དུ་དཀྲོལ་བ་མཚོན་གྱི་ཡོད།

    དགོང་མོའི་ཆུ་ཚོད་9པ་ཙམ་ལ་ཁྲེང་ཏུར་ཡུན་རིང་སྡོད་པའི་ཚེ་དབང་རང་གི་ཚ་མོ་དང་མཉམ་དུ་ལྷ་ས་གྲོང་ཁྱེར་ཀྲུང་ཧྭ་རིག་གནས་སྤྱི་གླིང་དུ་ཡོང་ཞིང་། ཚེ་དབང་གིས“ལྷ་སར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་འདུག དེ་སྔོན་འདི་གར་གང་ཡང་མཐོང་རྒྱུ་མེད”ཅེས་མདུན་གྱི་གློག་འོད་ཆེམ་ཆེམ་འཕྲོ་བའི་གློག་སྒྲོན་ལ་ལྟ་བཞིན་ཧ་ལས་ཧང་སངས་ངང་བརྗོད། མཛེས་སྡུག་ལྡན་པའི་གློག་འོད་ལས་མུ་མེད་མཚན་མོར་འོད་སྣང་འཕྲོས་པ་དང་། འོད་མདངས་བཀྲ་བའི་མཚན་ལྗོངས་ལས་ལྷ་སའི་ཡིད་དབང་འཕྲོག་ཤུགས་རབ་ཏུ་མངོན།

    ལྷ་སའི་མཚན་ལྗོངས་སྐོར་གླེང་སྐབས་ཚེ་མཆོག་གླིང་ནི་མི་བརྗོད་ཀ་མེད་ཡིན་ཞིང་། ཁུལ་དེ་ནས་བལྟས་ཚེ་སྐྱིད་ཆུ་དང་ཕོ་བྲང་པོ་ཏ་ལ་གཙང་པོ་གཅིག་གིས་ཆོད་པ་དང་ཕོ་བྲང་པོ་ཏ་གསལ་པོར་མཐོང་ཐུབ། མཚན་མོ་འཆར་རིམ་བཞིན་གཙང་འགྲམ་ལམ་ནས་རྒྱང་ལྟ་བྱེད་སྐབས་ཕར་ཕྱོགས་ཀྱི་ཚེ་མཆོག་གླིང་དུ་གློག་འོད་སྣ་ཚོགས་ཀྱིས་བརྒྱན་པ་དང་། ཚེ་མཆོག་གླིང་གི་མཐོ་ས་ནས་ཕོ་བྲང་པོ་ཏ་ལར་རྒྱང་ལྟ་ཐུབ་ལ་གྲོང་ཁྱེར་ཡོངས་ཀྱི་མཚན་ལྗོངས་ཀྱང་མིག་ལམ་དུ་གསལ་པོ་མངོན་གྱི་ཡོད།

    དགོང་མོའི་ཆུ་ཚོད་8པ་ཙམ་ལ་ཚེ་མཆོག་གླིང་གི་བོད་ཁང་ཡུལ་སྲོལ་ཁྲོམ་གཞུང་ནི་འཁྲུག་ཆ་དོད་ཤོས་ཀྱི་དུས་ཡིན་པ་དང་འདི་གར་ཟ་འཐུང་རོལ་རྩེད་ཚང་མ་འཛོམས་ཡོད། གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བས་དགའ་པོ་བྱེད་པའི་སིལ་ཟས་དང་འཐུང་བྱ་ཁྱེར་ནས་ཉེ་འགྲམ་གྱི་སྤྲོ་གསེང་རྐུབ་སྟེགས་སྟེང་བསྡད་དེ་ལྷ་སའི་མཚན་ལྗོངས་ལ་རོལ་གྱི་ཡོད།

    ཚེ་མཆོག་གླིང་དུ་ད་དུང་ཁྱེད་རང་སྐྱོད་རིམ་ཡོད་པའི་ཡུལ་སྐོར་བྱེད་ས་མང་པོ་ཡོད། ཧ་ལམ་ས་ཆ་ཚང་མ་ནས་ཕོ་བྲང་པོ་ཏ་ལ་རྒྱང་ལྟ་ཐུབ་པ་མ་ཟད། གྲོང་ཁྱེར་གྱི་རྒྱུན་མི་ཆད་པའི་རླངས་འཁོར་དང་གློག་སྒྲོན་མང་པོར་ལྟ་ཐུབ་ཀྱི་ཡོད། ལྷ་ས་གྲོང་ཁྱེར་དུ་ལོག་པའི་ལམ་བར་དུ་གཉེན་བསུ་ཟམ་ཆེན་དང་ལྷ་སའི་སྐྱིད་ཆུའི་འགྲམ་གྱི་མཚན་ལྗོངས་ཀྱང་ཚང་མར་ལྟ་ཐུབ།

    གོང་གསལ་གྱི་ས་ཆ་དེ་དག་ཕུད། ལྷ་སའི་གཙང་མགྲམ་སྤྱི་གླིང་དང་། ནེའུ་ཕྱུང་རི། གྲོང་ཁུལ་གྱི་ཟ་ཁང(ཀོག་ཧྥེ་ཁང)ཁག་གཅིག་གི་ལྗོངས་གཟིགས་སྒང་དང་། དེ་བཞིན“ཕོ་བྲང་པོ་ཏ་ལར་པར་རྒྱག་ས་ཡག་ཤོས”སུ་འབོད་པའི་སྤྲིན་ཟམ་སོགས་ཚང་མ་ནི་ངེས་པར་དུ་སྐྱོད་དགོས་པའི་མཛེས་ལྗོངས་ལྟ་ས་ཡག་ཤོས་རེད། པིར་གྱིས་བྲིས་པའི་རི་མོ་ལྟར་མཛེས་པའི་ཡུལ་ལྗོངས་ལས་གྲོང་མི་དང་ཡུལ་སྐོར་བ་གྲངས་ལས་འདས་པ་ལྷ་སའི་མཛེས་སྡུག་ལྡན་པའི་མཚན་ལྗོངས་ལྟ་བར་ཡོང་བའི་ཡིད་དབང་རབ་ཏུ་འཕྲོག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།