དཔྱིད་ཀྱི་དུས་སུ་རྐང་འཁོར་བཞོན་ནས་ལྗོངས་རྒྱུར་འགྲོ་མཁན་མང་།
འདི་ནི་གྲོང་མི་ཞིག་རྐང་འཁོར་བཞོན་ཏེ་ལྷ་ས་སྐྱིད་ཆུའི་འགྲམ་ནས་སྐྱོད་བཞིན་པ།
གནམ་གཤིས་དྲོ་རུ་སོང་བར་བརྟེན། རྐང་འཁོར་བཞོན་ནས་ཕྱི་ལ་འགྲོ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། དཔྱིད་ཀྱི་དཔལ་ཡོན་བཞད་པའི་དུས་འདིར། རྐང་འཁོར་བཞོན་ནས་ལྗོངས་རྒྱུར་འགྲོ་བའི་ཚ་རླབས་འཕྱུར་དོན་དང་། དེ་ལས་འགྱུར་ལྡོག་ཅི་ཞིག་བྱུང་མིན། དེ་བཞིན་ལས་ཞོར་དུ་ལྷ་སའི་གྲོང་མི་ཚོས་རྐང་འཁོར་བཞོན་ནས་བསྐྱོད་མང་བའི་ལམ་ཐིག་གང་དག་ཡོད་པ་སོགས་འདྲི་གཞི་བློ་ལ་འཆར་བཞིན་གསར་འགོད་པ་བཅར་འདྲིའི་ལམ་དུ་བཞུད།
རྐང་འཁོར་ཞོན་མཁན་ཇེ་མང་དུ་འགྲོ་བ།
ཞོགས་པའི་ཆུ་ཚོད་དགུ་པ་ཙམ་ལ་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་དག་རིམ་གྱིས་འཁྲུག་ཆ་དོད་དུ་སོང་། ལོ་54ལ་སླེབས་པའི་བསྟན་འཛིན་མཁས་གྲུབ་ཀྱིས་ཆེད་ལས་རྐང་འཁོར་གཏོང་མཁན་གྱི་གྱོན་ཆས་གྱོན་ནས་རྐང་འཁོར་བསྐྱོད་སའི་ལམ་ནས་འགྲོ་བཞིན་འདུག “གནམ་གཤིས་ཧ་ཅང་སྐྱིད་པོ་འདུག རྒྱུན་དུ་ལས་ཀར་འགྲོ་བའམ་ཡང་ན་གཟའ་མཇུག་སྐབས་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ཞབས་བྲོ་འཁྲབ་པར་འགྲོ་སྐབས་རྐང་འཁོར་བཞོན་ནས་འགྲོ་གི་ཡོད”ཅེས་བརྗོད་བྱུང་།
གསར་འགོད་པས་གྲོང་མི་མི་ཉུང་བ་ཞིག་ཞོགས་པ་ལུས་སྦྱོང་དང་སྦྲགས་རྐང་འཁོར་ཞོན་མཁན་ཇེ་མང་དུ་འགྲོ་བ་མཐོང་། ཚང་མས་རྐང་འཁོར་ནི་འགྲིམ་འགྲུལ་ཡོ་ཆས་གཞན་ལས་རིན་གོང་དམའ་ལ་སྣུམ་བླུགས་དགོས་མེད་ལ་གློག་ཀྱང་གསོག་མི་དགོས་པས། ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་གི་བྱ་བ་ཞིག་ཡིན་པ་མ་ཟད། གཙོ་བོ་རྐང་འཁོར་བཞོན་ན་རླངས་འཁོར་འགག་ཐོག་གི་སེམས་ཁྲལ་མེད་པའི་ངོས་འཛིན་བྱེད་ཀྱི་འདུག
བཅར་འདྲི་བྱེད་སྐབས། མིག་སྔར་གྲོང་མི་ཚོས་རྐང་འཁོར་བཞོན་པ་དེ་ལ་ལ་སྟབས་བདེ་ཡོང་བའི་ཆེད་དུ་ཡིན་པ་དང་། ལ་ལ་ནི་གཟུགས་པོར་སྦྱོང་བརྡར་བྱེད་པའི་ཆེད་དུ་ཡིན་པ། མང་ཆེ་བ་ནི་ལྷ་སའི་ཡུལ་ལྗོངས་ལ་ལྟ་བར་འགྲོ་བའི་ཆེད་དུ་ཡིན་པ་བཅས་ཤེས་བྱུང་།
“རྐང་འཁོར་བཞོན་པའི་ཚ་རླབས”ལས་འགྱུར་ལྡོག་གང་དག་བྱུང་ཡོད་དམ།
“ལོ་20ལྷག་ཙམ་གྱི་གོང་རྐང་འཁོར་ཞོན་མཁན་མང་པོ་ཡོད་པས་རྐང་འཁོར་ཉམས་བཟོའི་ཚོང་ཡང་ཧ་ཅང་ཡག་པོ་ཡོད”རྐང་འཁོར་ཉམས་བཟོ་བ་ཚེ་གྲུབ་ཀྱིས་སྐབས་དེ་དུས་རྐང་འཁོར་ཉམས་བཟོའི་ཚོང་ཁང་མང་པོ་ཡོད། འོན་ཀྱང་ཉེ་བའི་ལོ་10ཡི་རིང་། སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་བརྒྱུད། མི་རྣམས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་རླངས་འཁོར་ཡང་མང་དུ་སོང་ནས་མི་མང་ཆེ་བས་རླངས་འཁོར་རམ་ཡང་ན་གློག་སྒུལ་སྦག་སྦག་སོགས་གཏོང་གི་ཡོད་པས། རྐང་འཁོར་གཏོང་མཁན་ཉུང་དུ་ཕྱིན་པ་དང་དུས་མཚུངས་རྐང་འཁོར་ཉམས་བཟོའི་ཚོང་ཡང་དེ་བས་སྐྱོ་རུ་ཕྱིན་འདུག་ཅེས་བརྗོད་བྱུང་།
“འཚོ་བ་འཁྱོལ་ཆེད་ངས་ད་ཆ་གློག་སྒུལ་སྦག་སྦག་ཉམས་བཟོ་ཁང་བཙུགས་ཡོད། ངས་གློག་སྒུལ་སྦག་སྦག་ཉམས་བཟོ་བྱེད་པར་ཡོང་མཁན་ལ་རྐང་འཁོར་ཡང་བཟོ་ཤེས་ཀྱི་ཡོད་ཅེས་ཤོད་ཀྱི་ཡོད” ཁོང་གིས་གསར་འགོད་པར། ལོ་གཉིས་ནང་རྐང་འཁོར་ཉམས་བཟོ་བྱེད་པར་ཡོང་མཁན་མང་དུ་ཕྱིན་འདུག དེའི་ནང་མང་ཆེ་བ་ནི་དར་མ་དང་རྒན་རྒོན་རེད་འདུག འདི་ལོའི་དཔྱིད་ཀ་ནས་བཟུང་། རྐང་འཁོར་ཉམས་བཟོ་བྱེད་པར་ཡོང་མཁན་གཞོན་ནུ་ཡང་མང་པོ་འདུག ད་ཆ་ཉིན་ལྟར་རྐང་འཁོར་3ནས་4བར་ཉམས་བཟོ་བྱེད་ཀྱི་ཡོད། ཚོང་ཁང་གི་ཡོང་འབབ་མང་ཆེ་བ་གློག་སྒུལ་སྦག་སྦག་ནས་རག་ཀྱང་། རྐང་འཁོར་ཉམས་བཟོ་བྱ་རྒྱུ་ནི་ངའི་བྱང་ཆུབ་པའི་ལས་ཀ་ཡིན་པས་རྐང་འཁོར་བཟོ་སྐབས་སེམས་སྐྱིད་པོ་འདུག་ཅེས་བརྗོད་བྱུང་།
དེ་རྗེས་གསར་འགོད་པ་ལྷ་ས་གྲོང་ཁྱེར་གྱི་རྐང་འཁོར་ཚོང་ཁང་མང་པོ་ཞིག་ནང་སྐྱོད་སྐབས། ཚོང་ཧ་ཅང་ཡག་པོ་འདུག་ལ། ཉོ་མཁན་ཡང་ཧ་ཅང་མང་པོ་འདུག ཚོང་ཁང་སྦྱིན་བདག་གིས་དཔྱིད་ཀ་ཤར་རྗེས་ཚོང་ཡག་ཏུ་ཕྱིན་སོང། རྐང་འཁོར་ཉོ་མཁན་མང་ཆེ་བ་ནི་ལས་ཀར་འགྲོ་མཁན་རེད་འདུག བྲིན་མང་ཤོས་ནི་དར་སོ་ཆེ་བའི་རྐང་འཁོར་རེད་འདུག་ཅེས་བརྗོད་བྱུང་།
གཞན་ཡང་རྐང་འཁོར་ཉོ་བའི་ཞོར་དུ་མིག་ཤེལ་དང་། ལྟོ་ཕད། པུས་ཤུབས། ཞྭ་མོ་སོགས་ཀྱང་ཉོ་གི་འདུག
རྐང་འཁོར་བཞོན་ནས་ལྗོངས་རྒྱུར་འགྲོ་བའི་ལམ་ཐིག་འོས་སྦྱོར།
དཔྱིད་ཀར་ལྷ་སའི་གནམ་གཤིས་ལ་འགྱུར་ལྡོག་ཆེ་བས་གླིང་ག་བཏང་ན་སྔ་དྲགས་པ་དང་དཔྱིད་ཀྱི་རྣམ་པ་དེ་མྱོང་རོལ་མི་ཐུབ་ན་སེམས་ཕངས་པོ་ཡོང་བས་གང་འདྲ་བྱས་ཏེ་ལྗོངས་རྒྱུ་བྱེད་དགོས་སམ།
གསར་འགོད་པས་བཅར་འདྲི་བྱེད་སྐབས། གཟའ་མཇུག་དང་དུས་ཆེན་གྱི་གུང་གསེང་རིང་གྲོགས་པོ་གསུམ་ལྔ་ཙམ་འགྲོགས་ནས་རྐང་འཁོར་བཞོན་ཏེ་ལྷ་སའི་སྤྱི་གླིང་ཆེ་ཁག་ཏུ་སྐྱོད་མཁན་མང་པོ་ཡོད་པ་མཐོང་། སྤྱི་གླིང་མང་པོའི་ནང་ནས་གྲོང་མི་སྐྱོད་མང་བའི་སྤྱི་གླིང་ནི་ལྷ་སའི་གཙང་འགྲམ་སྤྱི་གླིང་རེད། སྐྱོད་མང་བའི་ལམ་ཐིག་ནི། གཅིག ལྷ་སའི་སྐྱིད་ཆུའི་མཛེས་ལྗོངས་འགྲམ་གྱི་ལྷ་སའི་གཙང་འགྲམ་སྤྱི་གླིང་གི་ལམ་ཐིག་སྟེ། ཀྲོའུ་ཅི་གསོལ་མགྲོན་ཁང-གངས་སྐོར་ལམ-བོད་ལྗོངས་སློབ་ཆེན་ཤར་ལམ-གཙང་འགྲམ་ལམ-སྐུ་འབུམ་ཐང་ལམ-བོད་ལྗོངས་སློབ་ཆེན་ལམ-ཅང་སུའུ་ལམ-བཅིངས་འགྲོལ་ཤར་ལམ-ལྷ་སའི་གཙང་འགྲམ་སྤྱི་གླིང་བཅས་བར་དང་། གཉིས། ཕ་བོང་ཁའི་ལམ་ཐིག་སྟེ། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང-ཞོལ་གྲོང་གསར་ལམ-ཆུ་མིག་ལམ་ལུས་རྩལ་སྤྱི་གླིང-ཚེ་གསུམ་ཐང་ནུབ་ལམ-ཉང་བྲན་བྱང་ལམ-ཕ་བོང་ཁ་བཅས་བར། གསུམ། འགྱིག་ལམ་བཏིང་བའི་རྐང་འཁོར་ལམ་རིང་ཤོས་ལྷ་སའི་གཙང་འགྲམ་ལུས་རྩལ་སྤྱི་གླིང་གི་ལམ་ཐིག་སྟེ། ཕོ་བྲང་པོ་ཏ་ལ་ཐང་ཆེན-ནོར་བུ་གླིང་ག་ལམ-སེམས་འབྲེལ་ཟམ་པ-དངུལ་རྩའི་ལམ-གཙང་འགྲམ་ལུས་རྩལ་སྤྱི་གླིང་བཅས་བར། བཞི། ལྷ་སའི་མཚན་ལྗོངས་ལ་ལྟ་བའི་ཀྲུང་ཧྭ་རིག་གནས་སྤྱི་གླིང“དྲ་རྒོད་ཟམ་པའི”ལམ་ཐིག་སྟེ། ནོར་བུ་གླིང་ཁ-མི་རིགས་དཀྱིལ་ལམ-གཙང་འགྲམ་ལམ-ཀྲུང་ཧྭ་རིག་གནས་སྤྱི་གླིང་བཅས་བར་ཡིན།