ལྷ་ས་གྲོང་ཁྱེར་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ཀུང་སིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོཌ་བསྡུས་བཅོས་སྒྲིག་ཆེན་པོ་རྒྱུན་མཐུད་སྤེལ་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ཀུང་སིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཚད་མཐོའི་མཐོང་ཆེན་དང་ལས་འགན་ཁག་བགོས་ཞིབ་ཚགས་སུ་བཏང་ནས“རྩིས་ཁྲའི་ལམ་ལུགས་དང་། འགན་འཁྲིའི་ལམ་ལུགས། ཐོ་བསུབ་ལམ་ལུགས”བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུཌ་ཏེ་ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་ཁག་དང་མཉམ་འགུལ་བྱས་ཏེ། རིམ་དབྱེ་དང་། ས་ཁོངས་ཁག་བགོས། དྲ་མིག་བཟོ་བ་བཅས་བྱས་ནས། གྲོང་ཁྱེར་དོ་དམ་སྒྲིག་བཀོད་དང་། གཞུང་ལམ་འགྲིམ་འགྲུལ། ཁོར་ཡུག་འཕྲོད་བསྟེན། བདེ་འཇགས་ཐོན་སྐྱེད། གྲོང་ཁྱེར་དང་གྲོང་གསེབ་སྔོ་འགྱུར། ལོ་རྒྱུས་ཀྱི་གནད་དོན་སོགས་བཅོས་སྒྲིག་བྱེད་པའི་ལས་དོན་སྤེལ་བ་རེད།
གྲོང་ཁྱེར་དོ་དམ་གྱི་སྒྲིག་བཀོད་བཅོས་སྒྲིག་བྱ་སྤྱོད་སྤེལ་རིང་། ལྷ་ས་གྲོང་ཁྱེར་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ཀུང་སིས་གྲོང་ཁུལ་གྱི་ས་དོང་དང་དེ་བཞིན་མི་འགྲོ་སའི་ལམ་ཉམས་གསོ་བྱེད་པ་དང་། གནད་དོན་ཡོད་པའི་ལམ་སྒྲོན་ཉམས་གསོ་དང་བརྗེ་བ། ལམ་སྒྲོན་གྱི་གློག་སྐུད་བརྗེ་བ། གནད་དོན་ཡོད་པའི་ཁྲོན་ཁེབས་ཉམས་བཟོ་བྱེད་པ། མཚོན་རྟགས་བྱང་བུ་དང་གཡང་གཟར་འགོག་པའི་དྲ་བ་འཛུགས་པ་སོགས་བྱས་ཡོད།
གཞུང་ལམ་འགྲིམ་འགྲུལ་བཅོས་སྒྲིག་བྱ་སྤྱོད་སྤེལ་རིང་། ལྷ་ས་གྲོང་ཁྱེར་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ཀུང་སིས་ལྷ་ཀླུ་སློབ་ཆུང་ཉེ་འཁོར་གྱི་ས་ངོས་ལ་ལམ་སྟོན་བརྡ་རྟགས་མང་དུ་བཏང་བ་དང་། བར་སྐོར་ཚོང་གྲོང་གི་རླངས་འཁོར་འཇོག་ས་ཁག་གཅིག་གི་འཕྲོད་བསྟེན་བཙོག་ཟིང་ཞན་གསུམ་གྱི་གནད་དོན་དུས་ཐོག་ཏུ་བཅོས་སྒྲིག་བྱས་ཡོད།
ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་སྤྱོད་སྤེལ་རིང་། ལྷ་ས་གྲོང་ཁྱེར་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ཀུང་སིས་ཡུལ་མིའི་འཚོ་བའི་གད་སྙིགས་ཏུན་4064གཙང་སེལ་བྱས་པ་དང་། དོ་དམ་བྱེད་ཁོངས་ནང་གི་སྤྱི་པའི་གསང་སྤྱོད་ལ་སྐར་མ་30རེར་གཙང་སྦྲ་ཐེངས་རེ་བྱེད་པ་དང་ཉིན་གཉིས་ལ་གཙང་སྦྲ་ཆེན་པོ་ཐེངས་རེ་བྱེད་པ། སྤྱི་པའི་གསང་སྤྱོད་62ཀྱི་རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་དང་ཆུ་འགྲོ་ཤར་གཏོང་ཐུབ་པ་བྱེད་པ། ཆུ་རྩྭ་ཏུན་8ཙམ་གཙང་སེལ་བྱས་ཡོད། ཁོར་ཡུག་གཙང་སྦྲ་བ་སྟོང་ཕྲག་བཏང་ནས་གངས་ཕྱག་པ་དང་། གྲོང་ཁུལ་གྱི་ལམ་གཙོ་བོ་དང་ཁྲོམ་གཞུང་གི་སྲང་ལམ་ཆུང་གྲས་དང་དེ་བཞིན་སྤྱི་པའི་ཐང་ཆེན་སོགས་ཀྱི་གངས་གཙང་སེལ་བྱས་པ་རེད།
ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་སྤྱོད་སྤེལ་རིང་། ལྷ་ས་གྲོང་ཁྱེར་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ཀུང་སིས་གནམ་མཚོའི་མཛེས་ལྗོངས་ཁུལ་དང་གཙང་འགྲམ་སྤྱི་གླིང་དུ་མཛེས་ལྗོངས་ཁུལ་གྱི་ཉིན་རེའི་འཚོ་བའི་གད་སྙིགས་གཙང་སེལ་དང་། ཡུལ་སྐོར་ལམ་རྒྱུད་ཀྱི་གད་སྙིགས་འཚོལ་བསྡུ། སྤ་སེ་འཚོང་ས་དང་ཡུལ་སྐོར་བའི་ལྟེ་གནས་བཅས་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལས་དོན་མུ་མཐུད་སྤེལ་བ་རེད།
ཁྲོམ་ར་ཚད་ལྡན་དུ་གཏོང་བའི་བཅོས་སྒྲིག་བྱ་སྤྱོད་སྤེལ་རིང་ཆེད་ལས་ཁྲོམ་ར་ཁག་གིས་ཚོང་དུད་ཀྱི་ཚོང་ཁང་དང་། ཁྲོམ་བཀྱག་གི་ཆ་འཕྲིན། རིན་གོང་ལྟ་འདོམས་བཅས་ཚད་ལྡན་དུ་བཏང་བ་དང་། ཚོང་དུད་ཀྱི་ཆ་འཕྲིན་བྱང་བུ་དང་རིན་གོང་ཡོངས་བསྒྲགས་བྱང་བུ་སོགས་བཀལ་ནས་ཚོང་དུད་ཀྱིས་ལམ་བཟུང་གཉེར་སྐྱོང་བྱེད་པའི་སྣང་ཚུལ་གཙང་བཤེར་དང་བཅོས་སྒྲིག་བྱས་ཡོད།