དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར།
བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་གིས་ཕྱོགས་བཞིའི་ཡུལ་སྐོར་བའི་ཡིད་དབང་འཕྲོག་པ།
ད་ཐེངས་ནི་ཀོང་ཏུང་ནས་ཡོང་བའི་ཡུལ་སྐོར་བ་མཱ་ཤིའུ་ཉིང་ཁྲིར་ཁམ་བུའི་མེ་ཏོག་ལ་མྱོང་རོལ་བྱེད་པར་ཡོང་ཐེངས་གཉིས་པ་དེ་རེད།
གནམ་གྲུ་ནས་བབས་རྗེས་ཁོང་གིས་ཤར་རེར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་བསྐྱོད། “དེ་ནི་གྲོང་ཁུལ་དང་བར་ཐག་ཉེ་ཤོས་ཀྱི་ཁམ་བུའི་མེ་ཏོག་མྱོང་རོལ་བྱེད་ས་ཞིག་ཡིན་པས་ངས་ས་ཆ་དེ་བདམས་པ་ཡིན”ཞེས་མཱ་ཤིའུ་ཡིས་བཤད།
དཔྱིད་ཟླ་ར་བའི་ས་མཐོའི་གནམ་གཤིས་ཀྱི་འགྱུར་ལྡོག་ཧ་ཅང་ཆེ། ཉིང་ཁྲིར་སྐྱོད་པའི་གནམ་གྲུའི་ཐོག་མཱ་ཤིའུ་ལ་གནམ་གཤིས་ཐད་སེམས་ཁྲལ་ཆེན་པོ་བྱུང་། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་ཀ་ལ་གྲོང་ཚོར་འབྱོར་སྐབས་གནམ་གཤིས་ཡག་པོ་ཡོད་པ་རེད།
དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་མོད། གནམ་གཤིས་ད་དུང་གྲང་ཙམ་ཡོད་ཅིང་། སྟབས་ལེགས་ནས་ས་མཐོའི་དྲོད་འཇམ་ཉི་འོད་འོག་དེ་ཙམ་སྣང་དག་མེད། ཀ་ལ་གྲོང་ཚོར་ཁམ་བུའི་མེ་ཏོག་བཞད་འགོ་ཚུགས་ཤིང་། ཁམ་སྡོང་གི་ཡལ་གའི་སྟེང་བཞད་པའི་ཁམ་བུའི་མེ་ཏོག་དང་རྒྱང་རིང་གི་གངས་རི་གཉིས་གཅིག་ལ་གཅིག་གིས་རྒྱན་པ་ལྟར། ས་མཐོའི་ཁམ་བུའི་མེ་ཏོག་ཁོ་ནར་མངའ་བའི་མཛེས་ལྗོངས་ཤིག་ཏུ་མངོན།
ཟླ་3ཚེས་18ཉིན་ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་གླིང་དངོས་སུ་སྒོ་ཕྱེ་ནས་ཡུལ་སྐོར་བར་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་བ་ཁག་དང་པོའི་གྲས་ཡིན་པའི་མཱ་ཤིའུ་ཡིས་དེ་གར་ཡུལ་ལྗོངས་མཛེས་ཤོས་དང་གསར་ཤོས་ལ་མྱོང་རོལ་བྱ་རྒྱུ་བྱུང་ཡོད། གང་སར་ཡུལ་སྐོར་དུ་འགྲོ་མྱོང་བའི་མཱ་ཤིའུ་ལོ་གཉིས་གོང་དེ་གར་ཁམ་བུའི་མེ་ཏོག་ལ་ལྟ་བར་འགྲོ་མྱོང་། སྐབས་དེ་དུས་ཁམ་བུའི་མེ་ཏོག་ཞལ་ཁ་ཡོངས་སུ་ཕྱེ་བའི་སྒང་ཡིན་པས་རི་ཀླུང་གང་སར་ཁམ་བུའི་མེ་ཏོག་གི་ན་བཟའ་བཀླུབས་པ་དང་འདྲ་བས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད། “ད་རེས་ཁམ་བུའི་མེ་ཏོག་གླིང་དུ་ཡུལ་སྐོར་བ་མང་པོ་མེད་ལ། ཁམ་བུའི་མེ་ཏོག་ཐིའུ་བཏང་མ་ཐག་ཡིན་ཡང་། མཛེས་པ་དེར་ཁྱད་ཆོས་གཞན་ཞིག་ཡོད་པས་ང་རང་ཡང་བློ་ཡིད་ཚིམ་སོང”ཞེས་མཱ་ཤིའུ་ཡིས་བཤད།
མཱ་ཤིའུ་ཡིས་གསར་དུ་བསྐྲུན་པའི་རྐང་ཐང་ལམ་དེད་ནས་མདུན་དུ་བསྐྱོད་དེ། འགྲོ་ཞོར་དུ་མེ་ཏོག་ལ་ལྟ་བ་དང་། ད་དུང་ལག་ཐོགས་ཁ་པར་བཏོན་ནས་པར་ཡང་སེ་ལེན་པ་མ་ཟད། པར་རིས་དེ་དག་ཀྱང་དྲ་ཐོག་ཏུ་བསྐུར་ནས་རང་ཉིད་ཉིང་ཁྲིར་མེ་ཏོག་ལ་ལྟ་བར་ཡོང་བ་དེ་དྲན་ཤེས་སུ་རི་མོ་བརྐོས། ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་གླིང་ནི་ལོ་འདི་དག་ནང་གསར་སྐྲུན་དང་རྒྱས་སྐྲུན་བྱས་པ་ཞིག་ཡིན་ཞིང་། གྲོང་ཚོའི་རི་ལྡེབས་ཚང་མ་ཁམ་སྡོང་གིས་ཁེངས་པར་བརྟེན་གྲོང་ཚོས་རི་ཁུལ་དུ་རྐང་ཐང་ལམ་དང་ལྗོངས་གཟིགས་སྟེགས་བུ་བསྐྲུན་པས། ཡུལ་སྐོར་བ་ཁམ་བུའི་སྡོང་པོའི་འཁྲིས་སུ་འགྲོ་ཐུབ་ཀྱི་ཡོད་ལ། ཡུལ་སྐོར་བས་རི་མཐོན་པོར་འཛེགས་ནས་ཁམ་བུའི་མེ་ཏོག་གིས་ཁེངས་པའི་མཛེས་ལྗོངས་ལ་རྒྱང་ལྟ་ཡང་བྱེད་ཐུབ་ཀྱི་ཡོད། གཞན་ཡང་གྲོང་ཚོས་ལྗོན་ཤིང་འོག་ཏུ་ཡུག་སྦྲེལ་གྱི་པད་ཁ་བཏབ་པ་དང་། ཁམ་བུའི་མེ་ཏོག་ཞལ་ཁ་ཡོངས་སུ་ཕྱེ་སྐབས་སྔོ་ལྗང་གི་རྩྭ་དང་པད་ཁ་སེར་པོ་ལས་གངས་ལྗོངས་ས་མཐོ་ནས་བྲལ་ཏེ་འབྲི་ཆུའི་སྔོ་ལྗང་མཛེས་ལྗོངས་ཁུལ་དུ་སླེབས་པའི་སྣང་བ་ཞིག་འཆར་སྲིད།
“ང་ཚོས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་ནང་དོན་དྲ་ཐོག་གི་སྨྱན་སྦྱོར་སྣ་ཚོགས་སུ་བསྐུར་རིམ་བཞིན་ཕྱོགས་བཞི་མཚམས་བརྒྱད་ཀྱི་དྲ་གྲོགས་མང་པོས་དོ་སྣང་བྱེད་ཀྱི་ཡོད”ཅེས་ཧྲི་ལིང་ཡུན་གྱིས་གསར་འགོད་པར་བཤད། ཁོང་གིས་ཉིང་ཁྲི་གྲོང་ཁྱེར་དུ་བོད་སྤྲིན་མགྲོན་ཁང་ཞེས་པའི་དམངས་སྲོལ་གནས་ཚང་ཞིག་གཉེར་སྐྱོང་བྱེད་བཞིན་ཡོད། ལོ་རེའི་ཁམ་བུའི་མེ་ཏོག་དུས་ཆེན་མ་སླེབས་གོང་ནི་ཁོ་མོ་ལས་བྲེལ་ཆེ་ཤོས་ཀྱི་དུས་ཤིག་རེད།
དམངས་སྲོལ་གནས་ཚང་གི་ཞག་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་དང་། སྐུ་མགྲོན་ལ་འགྲོ་སྐྱོད་ཀྱི་འཆར་འགོད་བྱེད་པ། ས་མཐོར་ཡུལ་སྐོར་བྱེད་མཁན་སྐུ་མགྲོན་ཚོའི་གནད་དོན་ལ་ལན་རྒྱག་པ་སོགས་ནི་ཧྲི་ལིང་ཡུན་གྱིས་ངེས་པར་དུ་སྒྲུབ་དགོས་པའི་ལས་ཀ་ཞིག་རེད། ནང་དོན་དེ་དག་རྟག་ཏུ་དྲ་ཐོག་སྨྱན་སྦྱོར་དུ་བསྐུར་གྱི་ཡོད་པ་དང་། དེ་ནས་དྲ་གྲོགས་ཚོས་དོ་ཁུར་བྱས་ཏེ་ཉིང་ཁྲིའི་མེ་ཏོག་ལ་མྱོང་རོལ་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་སྣ་ཚོགས་འདྲི་རྩད་བྱེད་ཀྱི་ཡོད། སྐུ་མགྲོན་གྱིས་ཞིབ་ཕྲ་དྲིས་ཚེ། ཧྲི་ལིན་ཡུན་གྱིས་ངང་རྒྱུད་རིང་པོས་ལན་བརྒྱབ་ནས་ཁམ་བུའི་མེ་ཏོག་དུས་ཆེན་གྱི་གོ་སྐབས་དང་བསྟུན་ནས་རང་ཁྱིམ་གྱི་དམངས་སྲོལ་གནས་ཚང་ངོ་སྤྲོད་ཡག་པོ་བྱས་ཏེ་ཚོང་ཡག་ཏུ་འགྲོ་རྒྱུའི་བརྩོན་ལེན་ཡང་བྱེད་ཀྱི་ཡོད།
“ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་ནི་ལོ་ལྟར་ཡུལ་སྐོར་བ་མང་ཤོས་ཀྱི་དུས་ཤིག་ཡིན་མོད། འོན་ཀྱང་དེ་ང་ཚོ་ཡུལ་སྐོར་ལས་རིགས་གཉེར་མཁན་ཚོའི་ངོས་ནས་བརྗོད་ན‘ཡིག་རྒྱུགས་ཆེན་པོ’ཞིག་ཀྱང་རེད། ལོ་འདི་དག་ནང་ཉིང་ཁྲིའི་ཡུལ་སྐོར་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་ལྷག་པར་དུ་དམངས་སྲོལ་གནས་ཚང་དེ་བས་མང་བས‘ཁམ་བུའི་མེ་ཏོག་གི་བྱང་བུར’བརྟེན་གྱི་ཡོད། ཞབས་ཞུ་ཡག་པོ་སྒྲུབས་ཚེ་གཞི་ནས‘རྒྱུག་འབོར་ཆེན་པོ’དེ‘ཚོང་ཡག་པོར’འགྱུར་ཐུབ”ཅེས་ཁོ་མོས་བཤད།
མཱ་ཤིའུ་ལའང་དེའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཞིང་། “ད་ཆ་ཉིང་ཁྲིར་གསོལ་མགྲོན་ཁང་མང་དུ་འགྲོ་བཞིན་ཡོད་ལ་མི་མང་པོ་ཞིག་ཀྱང་དེའི་ནང་ཞུགས་བཞིན་ཡོད། ཞབས་ཞུའི་ནུས་པ་དང་མཛེས་ལྗོངས་ཀྱི་སྒྲིག་ཆས་ཚང་མ་ལེགས་སུ་འགྲོ་བཞིན་ཡོད་པས་ང་ཚོ་ཡུལ་སྐོར་བས་དེ་གར་ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་སྔར་བས་མྱོང་རོལ་བྱེད་ཐུབ་ཀྱི་འདུག”ཅེས་ཁོ་མོས་བཤད།
ད་ལྟ་ཀ་ལ་གྲོང་ཚོའི་མི་རྣམས་ཀྱིས་བདག་སྐྱོང་གང་ལེགས་བྱས་པའི་ཁམ་སྡོང་དེ་དག་ཚང་མ་ནོར་བུ་ལྟ་བུར་གྱུར་ཡོད། འོན་ཀྱང་དེ་སྔ་ཁམ་སྡོང་དེ་དག་གྲོང་མིས་བུད་ཤིང་བྱེད་ཀྱི་ཡོད་ཅིང་། ཉིང་ཁྲིའི་ཁམ་སྡོང་ནི་རི་སྐྱེས་ཤིང་རིགས་ཡིན་པ་དང་ཁམ་སྡོང་ཐོག་བཏགས་པའི་ཁམ་བུའི་བྲོ་བ་སྐྱུར་ལ་བསྐ་བས་ཟ་ཐབས་བྲལ་བར་བརྟེན་གྲོང་མིས་སྤྱིར་ན་ཕག་པར་སྟེར་གྱི་ཡོད། ཁམ་བུའི་སྡོང་པོའི་རྩ་བས་རྨོ་འདེབས་ལ་ཤུགས་རྐྱེན་ཕོག་སྟབས་གྲོང་མི་མང་པོ་ཞིག་གིས་ཤིང་སྡོང་དེ་དག་བཅད་ནས་བུད་ཤིང་བྱེད་རྒྱུའི་གདམ་ག་བྱེད་ཀྱི་ཡོད།
གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས“ལྗོན་ཤིང་དེ་དག་གཅོད་སླ་པོ་ཡོད་མོད། འོན་ཀྱང་སླར་ཡང་སྐྱེ་རྒྱུ་ནི་ཁག་པོ་ཡིན་པས་ངས་མོས་མཐུན་བྱེད་ཀྱི་མེད”ཅེས་གྲོང་མིར་བཤད།
འོན་ཀྱང་ལྗོན་ཤིང་གིས་མང་ཚོགས་ཀྱི་འབབ་འཕར་ལ་ཤུགས་རྐྱེན་ཐེབས་རྒྱུ་ནི་སྨོས་མེད་རེད། ཇི་ལྟར་བྱས་ནས་ལྗོན་ཤིང་དེ་དག་དེ་བས་བེད་སྤྱོད་ལེགས་པོ་བྱ་རྒྱུ་ནི་གྲོང་ཚོའི་ནང་གི་གང་མགྱོགས་ཐག་གཅོད་བྱེད་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད། སྐབས་དེ་དུས་གྲོང་ཁུལ་ཉེ་འདབས་ཀྱི་ཡུལ་སྐོར་བྱ་གཞག་ཉིན་རེ་ལས་མ་འདས་པར་འཕེལ་རྒྱས་འགྲོ་བཞིན་ཡོད་པས། སྤེན་པས་གོ་སྐབས་དེ་དང་བསྟུན་ནས་ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་དེ་ཡུལ་སྐོར་གྱི་མིང་བྱང་ཞིག་ཏུ་གཏོད་རྒྱུའི་འཆར་གཞི་བཀོད།
དེ་ཡང་བསམ་ཐོག་ལ་རྟ་རྒྱུག་པ་ལྟར་བྱུང་ཞིང་། གུར་ཕུབ་པ་དང་མཛེས་ལྗོངས་བསྐྲུན་ནས་སྐབས་དང་པོའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་རྣམ་པ་རགས་ཙམ་གྲུབ་པ་དང་འབྲེལ་རྒྱུན་གཏན་གྱི་བགྲོད་ལམ་ཐོག་ཀྱང་སྐྱོད་འགོ་ཚུགས་ཡོད། ད་ལོ་བར་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གཉེར་ནས་ལོ་21སོང་ཞིང་། ལོ་ལྟར་ཟླ་གསུམ་པའི་ཟླ་མཇུག་ནས་ཟླ་བཞི་པའི་ཟླ་སྟོད་བར་ཉིང་ཁྲིར་མཱ་ཤིའུ་དང་འདྲ་བར་ས་མཐོར་ཁམ་བུའི་མེ་ཏོག་ལ་ལྟ་བར་ཡོང་མཁན་ཡུལ་སྐོར་བ་མང་པོ་འཛོམས་ཀྱི་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་ཁམ་བུའི་མེ་ཏོག་དུས་ཆེན་སྐབས་གྲོང་ཚོའི་ཁམ་བུའི་མེ་ཏོག་གླིང་ནས་གྲོང་མིར་ཐད་ཀའི་ཡོང་འབབ་ཁྱོན་སྒོར་ཁྲི་343ལྷག་ཙམ་བྱུང་ཡོད། “ད་ཆ་ཁམ་བུའི་སྡོང་པོ་ནི་གྲོང་ཚོའི་ནང་གི་དཔག་བསམ་ཤིང་ལྟ་བུར་གྱུར་ཡོད། གྲོང་མིས་རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་ལྟར་ཁམ་བུའི་སྡོང་པོར་བདག་སྐྱོང་བྱེད་ཀྱི་ཡོད། ཚང་མས་རང་འགུལ་ངང་དཔུང་ཁག་བཙུགས་ནས་གྲོང་ཚོའི་ཁམ་བུའི་སྡོང་པོར་སྲུང་སྐྱོང་བྱས་ཏེ་མཛེས་ལྗོངས་ལ་གཏོར་བཤིག་མི་ཕོག་པའི་འགན་ལེན་བྱེད་ཀྱི་ཡོད”ཅེས་སྤེན་པས་བཤད།
འགྱུར་ལྡོག་དེ་དག་ནི་ཀ་ལ་གྲོང་ཚོ་ཁོ་ནར་བྱུང་བ་ཞིག་མིན། ད་ཆ་ཉིང་ཁྲིར་ཁམ་བུའི་མེ་ཏོག་རྣམ་པར་བཀྲ་ཞིང་རྩྭ་རྩི་ཤིང་སྟུག་པོར་སྐྱེས་ནས་མི་མང་པོ་ཞིག་གིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འཕེལ་རྒྱས་ཀྱི་འདུ་ཤེས་ཁས་ལེན་གྱི་ཡོད། ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་ནགས་ཚལ་ཐོན་ཁུངས་ལ་དོ་དམ་དང་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བྱས་ན་མང་ཚོགས་ཁྲི་12ལྷག་ཙམ་གྱིས་ནུས་ཤུགས་བཏོན་ནས་སྐྱེ་ཁམས་དོ་དམ་དང་སྲུང་སྐྱོང་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ནགས་ཚལ་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་ཡོད། དུས་མཚུངས་ཉིང་ཁྲིས་ད་དུང་དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ནགས་ཚལ་དུ་ཤིང་སྡོང་གང་བྱུང་གཅོད་པའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་ཕྱུགས་བཀག་རྩྭ་གསོ་དང་། སྐྱས་སྤོས་རྩྭ་གསོ། མི་ཐབས་རྩྭ་འདེབས་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བྱེད་བཞིན་མཆིས།