ས་མཐོའི་སྐྱེ་ཁམས་ཁོར་ཡུག་ཉིན་བཞིན་སྣུམ་ཞག་དོད་དུ་ཕྱིན་པ།
སྐྱེ་ཁམས་བཟང་པོས་བོད་ཀྱི་འཕེལ་རྒྱས་ལ་སྒུལ་ནུས་ཧ་ཅང་ཆེན་པོ་བསྣན་ཡོད། ཉེ་བའི་ལོ་ཤས་རིང་། སྐྱེ་ཁམས་སྲུང་སྐྱོང་གི་བྱ་ཐབས་ཁག་ཟམ་མི་ཆད་པར་དོན་འཁྱོལ་བྱུང་བ་དང་ཆབས་ཅིག བོད་ཀྱི་སྐྱེ་ཁམས་མ་ལག་སྤྱི་ཡོངས་བརྟན་པོ་བྱུང་བ་དང་། ཁོར་ཡུག་གི་སྤུས་ཚད་ལེགས་སུ་རྒྱུན་མཐུད་ཕྱིན་པ། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་རགས་ཙམ་ཆགས་ཏེ། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད། བོད་ལྗོངས་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་། ས་མཐོའི་སྐྱེ་ཁམས་ཁོར་ཡུག་ཉིན་བཞིན་སྣུམ་ཞག་དོད་དུ་འགྲོ་བཞིན་ཡོད།
སྐྱེ་ཁམས་ཀྱི་རིན་ཐང་གཞན་སྒྱུར་གྱི་ཐབས་ལམ་རྒྱ་ཆེར་ཟམ་མི་ཆད་པར་འགྲོ་བ།
ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་སེར་གླིང་མཚོ་ངོགས་སུ་མི་42ཡོད་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བའི་དཔུང་ཁག་གཅིག་གིས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་སྲུང་བཞིན་ཡོད།
“དཔྱིད་ཀ་ཤར་རྗེས་ཁྲུང་ཁྲུང་སྐེ་ནག་དང་གཙོད་སོགས་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྲོག་ཆགས་ཀྱི་ཁྱུ་མཚོ་འགྲམ་དུ་ལོག་ཡོང་གི་ཡོད” སྐོར་གཡེང་དང་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུ་ནི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་ཚུལ་ཁྲིམས་མཐར་ཕྱིན་གྱི་རྒྱུན་གཏན་གྱི་ལས་ཀ་རེད།
ཉིན་ལྟར་ཞོགས་པའི་ཆུ་ཚོད་བརྒྱད་པ་དང་དགུ་པ་ཙམ་ལ། ཚུལ་ཁྲིམས་མཐར་ཕྱིན་གྱིས་ཞོགས་ཟས་བཟས་རྗེས་བརྟག་དཔྱད་ཀྱི་སྒྲིག་ཆས་གྲ་སྒྲིག་ཨང་བསར་བྱས་ནས་བྱང་ཆ་དོད་པོས་སྦག་སྦག་བཞོན་ནས་ཉིན་གཅིག་གི་སྐོར་གཡེང་གི་ལས་ཀ་འགོ་འཛུགས་ཀྱི་ཡོད།
རྒྱང་ཤེལ་གཅིག་དང་། ཟིན་དེབ་གཅིག ལམ་རྒྱགས་དང་ལྭ་བ་རིང་པོའི་རྡོག་ཁྲེས་བཀལ་བའི་སྦག་སྦག་བཅས་ནི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་ཚོའི་དགོས་ངེས་ཀྱི་སྒྲིག་ཆས་རེད། ཉིན་གཅིག་གི་སྐོར་གཡེང་ལམ་ཐག་སྐབས་རེ་སྤྱི་ལེ་300ལས་བརྒལ་གྱི་ཡོད་པས་དགོང་མོའི་ཆུ་ཚོད་བརྒྱད་པ་ལྷག་ཙམ་ལ་གཞི་ནས་ཁྱིམ་དུ་འབྱོར་གྱི་ཡོད།
བོད་རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་བོད་ལྗོངས་སུ་སྤྱི་ཕན་ནགས་ཚལ་གྱི་ཆེད་ལས་བདག་སྐྱོང་ས་ཚིགས་ཁག་208བཙུགས་ཡོད་པ་དེར་ཆེད་ལས་བདག་སྐྱོང་བ་1113ཡོད་པ་དག་གིས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་དང་པོ་བསྐྲུན་ཡོད། མི་རིགས་ཁག་གི་མང་ཚོགས་ཚོས་ཀྱང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་དང་དོ་དམ་བྱེད་པའི་ཁྲོད་དུ་ནུས་པ་གལ་ཆེན་འདོན་གྱི་ཡོད།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》ལག་ལེན་གཏིང་ཟབ་བསྟར་ནས《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་སྲོལ་ཡིག》སོགས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་ཁྱབ་བསྒྲགས་དང་ལག་ལེན་བསྟར་ཏེ། ནགས་ཚལ་དང་། འདམ་ར། རྩྭ་ཐང་། ཆུའི་སྐྱེ་ཁམས་སོགས་ཀྱི་ཁྱབ་ཁོངས་སུ་ཁྱབ་པའི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་བཙུགས་ཡོད། 2016ལོ་ནས་2023ལོའི་བར། བོད་ལྗོངས་ཀྱིས་མང་ཚོགས་ལ་ཆ་སྙོམས་ལོ་རེར་སྐྱེ་ཁམས་ལས་གནས་ཁྲི་50ལྷག་ཙམ་མཁོ་འདོན་བྱས་པ་དང་། ཞིང་འབྲོག་མང་ཚོགས་ཁྲི་226.22ལ་རྩྭ་ཐང་ཁ་གསབ་ཀྱི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་བ། སྐྱེ་ཁམས་ཀྱི་རིན་ཐང་གཞན་སྒྱུར་གྱི་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་སོང་བ། རྒྱ་ཆེའི་རི་སྔོན་ཆུ་དྭངས་སྲུང་སྐྱོང་བ་ཚོར་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་བྱུང་ཡོད།
སྐྱེ་ཁམས་སླར་གསོ་དང་ཤིང་འཛུགས་རྩྭ་འདེབས་ཀྱིས་ས་མཐོ་དེ་བས་སྔོ་ལྗང་མཛེས་སྡུག་ལྡན་པར་གྱུར་པ།
དགྲ་འདུལ་གྱིས་ལོ་བཅུའི་རིང་ཕ་ཡུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་བ་བརྗེད་ག་ལ་སྲིད།
ཁང་དམར་རྫོང་གི་ས་བབ་མཐོ་ལ་གནམ་གཤིས་སྐམ་ཤས་ཆེ་བས་ས་ཆ་བྱེ་འགྱུར་གྱི་གནད་དོན་ཡོད། “ང་ཚོའི་འདི་གར་ས་མ་འབྲོག་གི་ཁོངས་སུ་གཏོགས་པས་ཡུལ་མི་མང་པོ་ཞིག་གིས་ནོར་ལུག་གསོ་ཚགས་བྱེད་ཀྱི་ཡོད། སྔོན་ཆད་རྩྭ་ཐང་དུ་ནོར་ལུག་གི་གྲངས་འབོར་མང་བས་རྩྭ་ཐང་ལ་གཏོར་སྐྱོན་ཆེ་ཙམ་ཕོག་ཡོད”ཅེས་དགྲ་འདུལ་གྱིས་ཕྱིར་དྲན་བྱེད་བཞིན་བཤད།
2014ལོ་ནས་བཟུང་སྣང་ཚུལ་དེར་འགྱུར་ལྡོག་འགྲོ་འགོ་ཚུགས་ཡོད། ས་ཞིང་གི་ཐོན་ཁུངས་ལ་བརྟེན་ནས་ཁང་དམར་རྫོང་ཉིང་རུ་སྟོད་ཤང་གིས་གཟན་རྩྭ་ཚོད་འདེབས་བྱེད་སྐབས། ཕན་འབྲས་ཧ་ཅང་ཡག་པོ་ཐོན་ཡོད་ཅིང་། རྩྭ་བཏབ་པས་རླུང་འགོག་བྱེ་འཇགས་ཐུབ་པ་མ་ཟད། ད་དུང་རྩྭ་ཐང་གི་གནོན་ཤུགས་ཀྱང་ཆུང་དུ་ནུས་ལྡན་ཕྱིན་ཡོད།
ལོ་བཅུའི་རིང་རྩྭ་ཐང་གི་གཞི་ཁྱོན་ཇེ་ཆེར་ཕྱིན་པ་དང་སྐྱེ་ཁམས་ཀྱི་ཕན་འབྲས་ཀྱང་ཇེ་ལེགས་སུ་ཕྱིན་ཡོད། ད་ཆ་ཉིང་རུ་སྟོད་ཤང་གི་མི་ཐབས་ལ་བརྟེན་ནས་བཏབ་པའི་རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི་2ལྷག་ཙམ་ཟིན་གྱི་ཡོད།
གཞི་ཁྱོན་དེ་བས་ཆེ་ཞིང་ཚན་རིག་དང་ཡང་མཐུན་ཡོད། ཉིང་རུ་སྟོད་ཤང་གི་ཤང་ཀྲང་སྐར་མ་བསྟན་དར་གྱིས་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཤང་གི་ས་རྒྱུ་དང་སྔོ་ཁེབས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་དབྱེ་ཞིབ་ཞིབ་ཕྲ་བྱས་པ་སྟེ། དུས་ཡུན་རིང་པོར་གཟན་རྩྭ་སྣ་གཅིག་བཏབ་ན་ས་ཞིང་ལ་གནོན་ཤུགས་ཡོང་གི་ཡོད། “འདི་ལོ་ང་ཚོས་གཟན་རྩྭ་སྣ་ཁ་གསར་པ་ཁག་གཅིག་བཏབ་ནས་རྩྭའི་སྣ་ཁ་དེ་བས་ཕུན་སུམ་ཚོགས་སུ་གཏོང་རྩིས་ཡོད”ཅེས་སྐར་མ་བསྟན་དར་གྱིས་བཤད།
ཤིང་འཛུགས་ནགས་བཟོ་དང་གཟན་རྩྭ་བཏབ་པས་བོད་ལྗོངས་སྔར་བས་སྔོ་ལྗང་ཅན་དུ་གྱུར་ཡོད། མིག་སྔར་བོད་དུ་ནགས་ཚལ་ཁྱབ་ཚད་12.31%བར་མཐོ་རུ་ཕྱིན་པ་དང་རྩྭ་ཐང་དུ་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་48.02%ཟིན་ཡོད།
ནུས་རྒྱུ་གཙང་མའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱུང་བ།
ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སུ་ཉི་འོད་འོག་རླུང་འཁོར་སྟར་པ་མང་པོ་འཁོར་སྐྱོད་བྱེད་བཞིན་ཡོད། འོ་མ་དེང་དགེ་རླུང་གློག་ར་བ་དེ་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་གྱི་སར་གནས་པ་དང་། དེ་ནི་བོད་དུ་བསྐྲུན་ནས་སྤྱོད་འགོ་ཚུགས་པའི་གཞི་ཁྱོན་ཆེ་ཤོས་ཀྱི་རླུང་གློག་རྣམ་གྲངས་ཤིག་རེད། དེའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྲའོ་ཝ་100ཟིན་པ་དང་། ལོ་ལྟར་ནུས་རྒྱུ་གཙང་མའི་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་2ཙམ་གཏོང་ཐུབ་ཀྱི་ཡོད།
རྒྱལ་ཁབ་ནུས་རྒྱུ་ཚོགས་པའི་འོ་མ་དེང་དགེ་རླུང་གློག་ར་བའི་རྣམ་གྲངས་ཀྱི་ལས་དོན་པ་ཆིན་མིན་གྱིས“ས་མཐོའི་རླུང་གློག་གིས་ནག་ཆུའི་ཁྱིམ་ཚང་ཁྲི་སྟོང་མང་པོར་འོད་སྣང་སྦྱིན་པས་མང་ཚོགས་ཀྱི་འཚོ་བ་དེ་བས་སྟབས་བདེ་རུ་དང་སྦགས་བཙོག་དེ་བས་ཆུང་དུ་དང་ཁོར་ཡུག་དེ་བས་མཛེས་སུ་ཕྱིན་ཡོད”ཅེས་གསར་འགོད་པར་བཤད་བྱུང་།
ནུས་རྒྱུ་གསར་པའི་དམངས་འཚོའི་རྣམ་གྲངས་འདི་འདྲ་བ་ས་མཐོའི་གང་སར་ཁྱབ་ཡོད། ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གི་ཁུལ་ཆུང་ཁག་གཅིག་གི་ཐོག་ཁར་ཉི་ནུས་ཤེལ་པང་སྒྲིག་སྦྱོར་བྱས་ཡོད་པ་དང་། རྫོང་ཡོངས་སུ་ཁྱབ་པའི་འོད་ཤུགས་གློག་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2ཙམ་ཟིན་གྱི་ཡོད། ཤན་རྩ་རྫོང་དུ་ཉི་ནུས་གློག་གཅིག་སྡུད་ར་བ་ཞིག་བསྐྲུན་པར་རྫོང་གྲོང་གི་གྲོང་མི་བཅུ་ཆ་བརྒྱད་ལྷག་ཙམ་ལ་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་ཐུབ་ཡོད།
སྔོན་ཆད་དགུན་དུས་སུ་ནག་ཆུ་གྲོང་རྡལ་གྱི་ཕྱོགས་གང་ས་ནས་རྡོ་སོལ་དང་ལྕི་བ་བསྲེགས་པའི་དྲི་མ་བྲོ་ཡོང་། ད་ཆ་ནུས་རྒྱུ་གསར་པའི་དྲོད་ལེན་སྒྲིག་ཆས་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་པ་དང་། གློག་ཤུགས་མཁོ་སྤྲོད་འདང་ངེས་ཡོད་པས། མི་རིགས་ཁག་གི་མང་ཚོགས་རྣམས་ལྕི་བ་འབུད་ནས་དྲོད་ལེན་པའི་འཚོ་བ་སྐྱེལ་མཇུག་འགྲིལ་ཡོད།
ས་མཐོའི་རང་བྱུང་ཐོན་ཁུངས་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྱུར་ཡོད། ཉེ་བའི་ལོ་ཤས་རིང་བོད་ཀྱིས་ལྗང་མདོག་ཐཱན་ཉུང་གི་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་གང་མགྱོགས་བྱས་པས། གློག་ཤུགས་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྱི་བསྡུར་ཚད་ནང་ནུས་རྒྱུ་གཙང་མས་བསྡུར་ཚད་བཟུང་ཚད་90%ལྷག་ཙམ་ཟིན་ཡོད།