ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཅིག་པ་ཟླ་3ཚེས་31ཉིན་འགོ་ཚུགས་རྒྱུ་ཡིན་པ།
གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཅིག་པ(གཤམ་དུ“ཉིང་ཁྲིའི་མེ་ཏོག་དུས་ཆེན”ཞེས་བསྡུ་རྒྱུ)ཟླ་3ཚེས་31ཉིན་དངོས་སུ་འགོ་ཚུགས་རྒྱུ་དང་བྱེད་སྒོ་སྤེལ་ཡུན་ཟླ་བ་གཅིག་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཉིང་ཁྲིའི་མེ་ཏོག་དུས་ཆེན་རིང་བྲག་ཡིབ་ཆུས་ཀྱི་ཀོང་པོ་མཁའ་ཁྲོམ་སྤྱི་གླིང་དུ་ཚོགས་ར་གཙོ་བོ་བཀོད་སྒྲིག་བྱ་རྒྱུ་དང་། རྫོང(ཆུས)7དུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱ་རྒྱུ། “3+22+N”ཡི་བྱེད་སྒོའི་བཀོད་པ་གཏོད་རྒྱུ་ཡིན་པ་སྟེ། དྲིལ་བསྒྲགས་ཁྱབ་གདལ་དང་། “ཕུགས་འདུན་འཚོལ་སྙེག”གི་དགའ་ནེའུ་དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པ། ཆེད་དོན་མཉམ་འགུལ་བྱེད་སྒོ་བཅས་ཆེད་དོན་གསུམ་གཙོ་རྐང་དུ་འཛིན་རྒྱུ་དང་། “ཁམ་བུའི་མེ་ཏོག་གི་དཔྱིད་ཀྱི་སྟོན་མོའི”ཞིམ་ཟས་མྱོང་རོལ་དང་། “ཁམ་བུའི་མེ་ཏོག་གི་ཕྱག་རྟགས”ཀྱི་ཁྱད་ལྡན་ཐོན་རྫས་ཚོང་འདུས། “ཁམ་བུའི་མེ་ཏོག་དང་འཛོམས་འདུས་ཤིག་ཡོད། ད་བྱེད་དུས་ཁྱེད་རང་རེད་འདུག”ཅེས་པའི་གཞོན་ནུའི་མཐུན་འབྲེལ་བྱེད་སྒོ་སོགས་ཡན་ལག་བྱེད་སྒོ་ཁག་22གིས་འདེགས་སྐྱོར་བྱ་རྒྱུ། དེ་བཞིན་སྐབས་རིམ་བྱུང་གི་ཉིང་ཁྲིའི་མེ་ཏོག་དུས་ཆེན་གྱི་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་སྒོ་བསྡུ་ལེན་བྱེད་པའི་རྨང་གཞིའི་ཐོག བོད་ལུགས་གསོ་རིག་སྨན་བཅོས་དང་སྨན་རྫས་དང་། འཁོར་གཏོང་སྒར་ས། སྒྱུ་རྩལ་མཉམ་གཏོད་སོགས་ཀྱི་མྱོང་རོལ་བྱེད་སྒོ་Nགསར་གཏོད་བྱས་ནས་སྤེལ་རྒྱུ་ཡིན་པ་རེད།