དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • སྐྱེ་ཁམས་སྔོན་ལ་འཕེལ་རྒྱས་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་ཆེད་ནུས་ཤུགས་སྐྱེས་སུ་འབུལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-12

    “མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་དགོས”ཞེས་པ་འདི་ནི་འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཅུག་ཡོད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི”ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་པས། བོད་འདི་ཉིད་རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་ས་ཁོངས་ཧྲིལ་པོར་སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་གཏོད་པའི་ཞིང་ཆེན་ཐོག་མར་གྱུར་ནས་མཛེས་སྡུག་ལྡན་པའི་བོད་ཀྱི་སྐྱེ་ཁམས་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད།

    “འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་བྱེད་པའི་མཐོ་ཚད་ཐོག་ནས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ཏེ་ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། དཔལ་འབྱོར་འཕར་སྣོན་སོགས་ཀྱི་ལས་དོན་ཁག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་ཁ་གསལ་བྱས་འདུག”ཅེས་ལྷོ་ཁ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་དབང་ཆེན་གྱིས་གསུངས་པ་དང་། ཁོང་གིས། “བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ནམ་མཁའ་དེ་བས་སྔོ་བ་དང་། རི་བོ་དེ་བས་ལྗང་བ། ཆུ་མོ་དེ་བས་དྭངས་པ། ཁོར་ཡུག་དེ་བས་མཛེས་པ་བཅས་ཡོང་བར་བྱེད་པ་ནི་ང་ཚོས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ངེས་པར་དུ་འཁུར་དགོས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་རེད”ཅེས་གསུངས།

    དབང་ཆེན་གྱིས། 2023ལོར། ལྷོ་ཁ་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.5%ཟིན་པ་དང་། གཙང་པོ་དང་། ཆུ་བོ། མཚོ་བཅས་གཙོ་བོའི་ཆུ་སྤུས་རིམ་པ་གསུམ་པའི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་ཡོད་པ། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁུལ་གྱི་ཆུའི་ཁོར་ཡུག་གི་སྤུས་ཚད་ཚད་གཞི་ལོན་ཚད་100%མུ་མཐུད་རྒྱུན་འཁྱོངས་ཐུབ་ནས་ས་རྒྱུའི་ཁོར་ཡུག་བདེ་འཇགས་དང་བརྟན་པོ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    “འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལས་ཏང་དང་སྲིད་གཞུང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་དང་མངོན་གསལ་དོད་པའི་སྲིད་ཇུས་ཀྱི་སྟོན་ཕྱོགས་སླར་ཡང་མངོན་ཡོད”ཅེས་མངའ་རིས་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་ལི་ཞའོ་པིང་གིས་གསུངས་པ་དང་། ཁོང་གིས། ཉེ་བའི་ལོ་ཤས་རིང་མངའ་རིས་ས་ཁུལ་གྱིས《བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འཆར་འགོད》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་2023ལོའི་ལོ་མཇུག་བར། རིམ་རྩིས་བྱས་ན་བྱེ་འགོག་བྱེ་བཅོས་རྒྱ་ཁྱོན་མུའུ་ཁྲི་24བྱས་པ་དང་། མི་ཐབས་ལ་བརྟེན་ནས་ནགས་བཟོ་མུའུ་ཁྲི་0.49བྱས་པ་དང་སྡོང་རྐང་ཁྲི་818.4བཙུགས་པ། ནགས་ཚལ་མུའུ་ཁྲི་0.75གསོས་ཡོད། དེ་དང་ཆབས་ཅིག་གཙོ་གནད་ལས་རིགས་ཀྱི་ཐཱན་འབུད་ཚད་དང་ཐཱན་རྩེར་སོན་བྱ་སྤྱོད་ལ་སྐུལ་འདེད་བརྟན་པོ་བཏང་ནས་རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆ་ཉོ་ཚོང་གི་བྱེད་སྒོར་ཧུར་ཐག་ཞུགས་ཏེ། 2023ལོར་ཁོར་ཡུག་སྲུང་སྐྱོང་ཟམ་པའི(ཧྲང་ཧའེ)ཁོར་ཡུག་ལག་རྩལ་ཚད་ཡོད་ཀུང་སི་དང་བོད་ཀྱི་ཐཱན་འདུས་ཉོ་ཚོང་ཐོག་མ་དེ་ལེགས་སྒྲུབ་བྱུང་ནས་ཐཱན་འདུས་ཉོ་ཚོང་བྱེད་ཚད་ཏུན་ཁྲི་5དང་དངུལ་འབོར་སྒོར་ཁྲི་130ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ནག་ཆུ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་ཉིའུ་མུའུ་ཡིས། ཙུང་ལི་ལི་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འདི་ལོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཆེན་པོ་བཏོན་འདུག་ཅེས་གསུངས། གྲངས་གཞི་ཁག་རེ་རེས་མི་སེམས་ལ་སྐུལ་མ་ཐེབས་པ་དང་ལས་འགན་ཁག་རེ་རེས་སྟོབས་ཤུགས་རབ་ཏུ་འཕེལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་པ་ཞིག་གི་ངོས་ནས། ཉིའུ་མུའུ་ལ་སྤོབས་པ་ཆེན་པོ་སྐྱེས་པ་མ་ཟད། སྒུལ་ཤུགས་དང་ཡིད་ཆེས་ཀྱང་ཆེས་ཆེར་འཕེལ་ཡོད། ཁོང་གིས། “བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི‘རྒྱལ་ཁབ་ཀྱི་དོན་ཆེན’ཡིན་པས་ནག་ཆུ་གྲོང་ཁྱེར་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མུ་མཐུད་ལག་ལེན་བསྟར་ནས‘སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི’ཉམས་མྱོང་དང་བྱེད་ཐབས་སྤྱད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུཌ་སྐྲུན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། སྐྱེ་ཁམས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་གཞི་རྩ་དང་དམངས་འཚོའི་བདེ་རྩར་འགྱུར་ཏེ‘གསེར་རི་དངུལ་རི’ཡོད་ལ‘རི་སྔོན་ཆུ་དྭངས’ཀྱང་ཡོད་པར་བྱེད་ཀྱི་ཡིན”ཞེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།