དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • སྐྱེ་ཁམས་ཀྱི་ཕན་འབྲས་མངོན་པར་བྱས་ནས་གནས་འཕྲོད་ཁྱིམ་གཞིས་ཧུར་ཐག་བསྐྲུན་པ།

    —— རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་འཚོ་བའི་བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་ལ་སྐུལ་འདེད་ཏན་ཏིག་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-01

    ལོ་མང་རིང་། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་ཏེ། བོད་ཀྱི་ནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་གཙང་། ས་གཙང་བཅས་སྲུང་སྐྱོང་བྱེད་པ་དེ་རང་ཉིད་ཀྱི་ལས་འགན་ལ་བརྩིས་ནས་འཚོ་བའི་བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་གྱི་སྒྲིག་བཀོད་འཛུགས་སྐྲུན་གྱི་འཁོར་སྐྱོད་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་བྱེད་པའི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་ཆེད་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    ལག་རྩལ་དང་བཟོ་རྩལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་བྱེད་ནུས་ཆེ་རུ་བཏང་བ།

    རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་མཐོ་གྲང་ས་བབ་མཐོ་བའི་དམིགས་བསལ་གནམ་གཤིས་ཀྱི་ཆ་རྐྱེན་འོག་འཚོ་བའི་བཙོག་ཆུའི་གར་ཚད་དམའ་བ་དང་། སྐྱེ་དངོས་འབུ་ཕྲའི་གསོན་ཚད་དམའ་བ། སྐྱེལ་འདྲེན་དང་སྲུང་སྐྱོང་གི་མ་གནས་མཐོ་བ། བཀོལ་སྤྱོད་ལག་རྩལ་གྱི་བླང་བྱ་མཐོ་བ་སོགས་ཀྱི་དངོས་ཡོད་གནད་དོན་ལ་གཞི་ཚུགས་ནས་ལག་རྩལ་དང་བཟོ་རྩལ་གྱི་སྤྱོད་གོ་ཆོད་པའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ། སྔ་རྗེས་སུ་རྒྱལ་ནང་གི་དབང་གྲགས་ལྡན་པའི་རིགས་གཅིག་མཁས་ཅན་ཐེངས་མང་གདན་དྲངས་ནས་བརྟག་ཞིབ་དང་ཚོད་སྐོར་ལས་དོན་སྤེལ་ཡོད། 2023ལོའི་ཟླ་4ཚེས་17ནས་27ཉིན་བར་ཆིང་ཧྭ་སློབ་ཆེན་དང་། རྒྱལ་ཁབ་ཆུ་མཁོ་འདོན་དང་བཙོག་ཆུ་འབུད་པའི་ལག་རྩལ་ལྟེ་གནས། ཀྲུང་གོའི་གྲོང་སྲིད་ལས་གྲྭའི་ཧྭ་པེ་ཇུས་འགོད་ཞིབ་འཇུག་སྤྱི་ཁྱབ་ཁང་། ཀྲུང་གོ་གྲོང་ཁྱེར་འཕེལ་རྒྱས་ཞིབ་འཇུག་ཁང(པེ་ཅིང)ཁོར་ཡུག་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་སོགས་ཚན་པས་བཙོག་ཆུའི་ཐད་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་མངགས་ནས་བརྟག་ཞིབ་ཚོགས་ཆུང་བཙུགས་ཏེ། གྲོང་ཁྱེར་དང་ས་ཁུལ་7དང་རྫོང་གྲོང་40ལྷག་ཙམ་གྱི་བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་གྱི་སྒྲིག་བཀོད་འཁོར་སྐྱོད་གནས་ཚུལ་ལ་བརྟག་ཞིབ་བྱས་ཏེ་རང་ལྗོངས་ཀྱི་བཙོག་ཆུ་གཙང་གསིང་གི་སྒྲིག་བཀོད་འཁོར་སྐྱོད་གནས་ཚུལ་ལ་ཤེས་རྟོགས་བྱས་པ་དང་། རང་སར་སྒྲིག་བཀོད་འཁོར་སྐྱོད་ལ་མཛུབ་ཁྲིད་བྱས་ཏེ། རང་ལྗོངས་ཀྱི་བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་གྱི་ལག་རྩལ་སྔར་བས་ལེགས་སུ་གཏོང་བར་སྤྱོད་གོ་ཆོད་པའི་གཞི་འཛིན་སའི་བསམ་འཆར་བཏོན་ཡོད།

    དེ་དང་ཆབས་ཅིག་བརྟག་དཔྱད་ཞིབ་འཇུག་རྒྱ་ཁྱབ་བྱེད་པའི་རྨང་གཞིའི་ཐོག རྒྱལ་ནང་གི་བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་གྱི་གྲགས་ཅན་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་གདན་དྲངས་ནས། བོད་རང་སྐྱོང་ལྗོངས་ཀྱི《འཚོ་བའི་གད་སྙིགས་གཙང་སེལ་ལག་རྩལ་གྱི་ཕྱོགས་སྟོན་སྒྲིག་སྲོལ》དང་། 《གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་ལག་རྩལ་གྱི་ཕྱོགས་སྟོན་སྒྲིག་སྲོལ》བཟོས་པ་དང་། རང་སྐྱོང་ལྗོངས་ཀྱི་ས་གནས་ཀྱི་ཚད་གཞིའི་ཞིབ་བཤེར་གོ་རིམ་ལ་གྲོས་འཆམ་བདེ་བླག་བྱུང་བ་མ་ཟད། 2023ལོའི་ཟླ་དགུ་པར་ཁྱབ་བསྒྲགས་དང་ལག་ལེན་བསྟར་བས་ས་བབ་མཐོ་བའི་ས་ཁུལ་གྱི་བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་གྱི་ས་གནས་ཀྱི་ཚད་གཞི་མེད་པའི་སྟོང་ཆ་བསྐངས་ཡོད།

    བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་གྱི་སྒྲིག་ཆས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་ཞན་ཆ་དང་མི་འདང་ས་བསལ་བ།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་ལས་དོན་ལ་བརྟེན་ནས། བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་གྱི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཞན་ཆ་དང་མི་འདང་བའི་ཆ་ཁྱོན་ཡོངས་ནས་བསལ་ཏེ། བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་གྱི་སྒྲིག་བཀོད་འཛུགས་སྐྲུན་གྱི་འཆར་གཞི་བཟོས་ནས་བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་གྱི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་53བཏང་ནས། འཚོ་བའི་བཙོག་ཆུ་གཙང་གསིང་བཟོ་གྲྭ་88དང་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་ཆས་157བསྐྲུན་པ་དང་། གྲོང་ཁྱེར་4དང་། རྫོང་གྲོང་59 ཤང་དང་གྲོང་རྡལ་20བཅས་ཀྱི་བཙོག་ཆུ་གཙང་གསིང་སྒྲིག་ཆས་གསབ་པ། གྲོང་ཁྱེར་དང་ས་ཁུལ་5དང་། རྫོང་གྲོང་10 ཤང་དང་གྲོང་རྡལ་141བཅས་ཀྱི་གད་སྙིགས་གཙང་སེལ་སྒྲིག་ཆས་འཛུགས་སྐྲུན་གྱི་ཞན་ཆ་བསལ་བ་བཅས་བྱས་པ་དེས་ལྗོངས་ཡོངས་ཀྱི་བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ་གྱི་སྒྲིག་ཆས་ལ་བཏང་བའི་མ་དངུལ་བསྡོམས་འབོར་གྱི་57%བཟུང་ཡོད། དེའི་རིང་བསྐྲུན་པའི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་གྲངས་འབོར་གྱིས་ལྗོངས་ཡོངས་ཀྱི་བསྡོམས་འབོར་གྱི་83%བཟུང་བ་དང་། བསྐྲུན་ཟིན་པའི་གད་སྙིགས་གཙང་སེལ་སྒྲིག་བཀོད་ཀྱི་གྲངས་འབོར་གྱིས་ལྗོངས་ཡོངས་ཀྱི་བསྡོམས་འབོར་གྱི་51%བཟུང་ཡོད།

    མིག་སྔར་ལྗོངས་ཡོངས་སུ་འཚོ་བའི་བཙོག་ཆུ་གཙང་གསིང་བཟོ་གྲྭ་106བསྐྲུན་པ་དེ་གྲོང་ཁྱེར་དང་ས་ཁུལ་7དང་། རྫོང་གྲོང་62 ཤང་དང་གྲོང་རྡལ་21བཅས་ལ་ཁྱབ་ཡོད། བཙོག་ཆུ་གཙང་གསིང་བྱེད་ནུས་ཉིན་རེར་ཏུན་ཁྲི་55.8ཟིན་པ་དང་། ལེ་ལག་ཚང་བའི་བཙོག་ཆུ་བསྡུ་རུབ་ཀྱི་མདོང་ལམ་སྤྱི་ལེ་1080.33ཟིན་པ། གྲོང་ཁྱེར་དང་རྫོང་གྲོང་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་གཙང་གསིང་བྱེད་ཚད་ཁག་སོ་སོར་96.57%དང་86.55%ཟིན་ཡོད། འཚོ་བའི་གད་སྙིགས་གཙང་སེལ་གྱི་སྒྲིག་ཆས་ཁྱོན་309བསྐྲུན་པ་དེ་དག་གྲོང་ཁྱེར་དང་ས་ཁུལ་7གནས་སའི་རྫོང་གྲོང་ཡོངས་དང་དེ་བཞིན་ཤང་དང་གྲོང་རྡལ་228ཚང་མར་ཁྱབ་ཡོད། གད་སྙིགས་ཉིན་རེར་གཙང་སེལ་བྱེད་ཚད་ཏུན་4145ཟིན་པ་དང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་། རྫོང་གྲོང་། དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་བཞིན་ཐག་གཅོད་བྱེད་ཚད་སོ་སོར་99.81%དང་98.21%ཟིན་ནས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད།

    འཚོ་བའི་གད་སྙིགས་རིགས་དབྱེར་སྐུལ་འདེད་བཏང་ནས་གད་སྙིགས་ཉུང་དུ་གཏོང་ཚད་དང་ཐོན་ཁུངས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེ་ལམ་ལུགས་ཀྱི་ལག་བསྟར་ཇུས་གཞི》དང་། 《ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》 《རང་ལྗོངས་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཅས་སྔ་རྗེས་སུ་བཀྲམ་ནས། ལྗོངས་ཡོངས་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ལ་སྲིད་ཇུས་ཀྱི་འདེགས་སྐྱོར་བྱས་ཡོད། གད་སྙིགས་རིགས་དབྱེ་ནས་འཇོག་པ་དང་། རིགས་དབྱེ་ནས་བསྡུ་རུབ། རིགས་དབྱེ་ནས་སྐྱེལ་འདྲེན། རིགས་དབྱེ་ནས་ཐག་གཅོད་བཅས་ཀྱི་མ་ལག་སྐྲུན་པའི་བླང་བྱ་ལྟར་འཚོ་བའི་གད་སྙིགས་རིགས་དབྱེ་ནས་ཐག་གཅོད་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་གང་མགྱོགས་སྐུལ་འདེད་བཏང་ཡོད།

    མ་དངུལ་སྒོར་དུང་ཕྱུར་14.45བཏང་ནས་ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་བསྲེགས་གློག་ཁང་གི་དུས་ཐེངས་དང་པོ་དང་ལྷོ་ཁ་གྲོང་ཁྱེར་གྱི་ཨར་འདམ་སྲེག་ཁང་གི་འཚོ་བའི་གད་སྙིགས་མཉམ་དུ་གཙང་སེལ་བྱེད་པའི་རྣམ་གྲངས་དང་། ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱི་ཟ་ཁང་གི་གད་སྙིགས་གཙང་སེལ་རྣམ་གྲངས་བསྐྲུན་པ་དང་། ལྷ་ས་གྲོང་ཁྱེར་གྱི་གད་སྙིགས་མེར་བསྲེགས་གློག་ཁང་གི་དུས་ཐེངས་གཉིས་པ་དང་། གཞིས་རྩེ་གྲོང་ཁྱེར་གྱི་ཨར་འདམ་སྲེག་ཁང་གི་འཚོ་བའི་གད་སྙིགས་མཉམ་དུ་གཙང་སེལ་བྱེད་པའི་རྣམ་གྲངས། ནག་ཆུ་གྲོང་ཁྱེར་གྱི་ཟ་ཁང་གི་གད་སྙིགས་གཙང་སེལ་རྣམ་གྲངས་བཅས་ལས་འགོ་བཙུགས་ནས་སྐྲུན་འགོ་བཙུགས་ཡོད། རྣམ་གྲངས་དེ་དག་བསྐྲུན་རྗེས་ལྗོངས་ཡོངས་ཀྱི་གད་སྙིགས་མེར་བསྲེགས་གཙང་སེལ་བྱེད་ནུས་ཉིན་རེར་ཏུན་2150ཟིན་རྒྱུ་ཡིན་པ་དེས་གད་སྙིགས་གནོད་མེད་ཅན་བཞིན་ཐག་གཅོད་བྱེད་པའི་གཞི་ཁྱོན་གྱི་45%ཙམ་བཟུང་རྒྱུ་དང་ཟ་ཁང་གི་གད་སྙིགས་གཙང་སེལ་བྱེད་ནུས་ཉིན་རེར་ཏུན་155ཟིན་རྒྱུ་རེད། དེ་དང་ཆབས་ཅིག་འཚོ་བའི་གད་སྙིགས་རིགས་དབྱེའི་བླུགས་སྣོད་ཁྲི་6.26ལྷག་ཙམ་དང་། གད་སྙིགས་སྤུངས་ས་546 རིག་ནུས་ཚུར་བསྡུའི་བླུགས་སྣོད་ས་ཚིགས་93བཅས་སྒྲིག་སྦྱོར་བྱེད་རྒྱུ་རེད། དེས་མ་ཚད་ཟ་ཁང་གི་གད་སྙིགས་དབོར་མཁན་རླངས་འཁོར་38དང་། ཚུར་བསྡུ་ཆོག་པའི་གད་སྙིགས་དབོར་མཁན་རླངས་འཁོར་8 གནོད་ཡོད་གད་སྙིགས་དབོར་མཁན་རླངས་འཁོར་3 གད་སྙིགས་གཞན་དག་དབོར་མཁན་རླངས་འཁོར་339བཅས་བཀོད་སྒྲིག་བྱེད་པ་དང་། སྐར་གསོག་བརྗེ་སྒྱུར་གྱི་སྒོ་རྩིས་ཚོང་ཁང་26བསྐྲུན་རྒྱུ་རེད། མིག་སྔར་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱི་ཚོད་ལྟའི་གྲོང་ཁྱེར་གྱི་གད་སྙིགས་རིགས་དབྱེ་མ་ལག་གི་གཞི་ཁྱོན་རགས་ཙམ་ཆགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།