དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་ལྗོངས་བཏོད་པ།

    ​བོད་ཀྱི་འདམ་ར་སྲུང་སྐྱོང་ལས་དོན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཧྲི་ཅིན་རུའུ།   |     སྤེལ་དུས།  2024-03-01

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་འདམ་ར་སྲུང་སྐྱོང་དང་སླར་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པས། འདམ་རའི་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། འདམ་རའི་སྤྱིའི་རྒྱ་ཁྱོན་དང་ཆུ་ཁོངས་རྒྱ་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།

    འདམ་ར་སྲུང་སྐྱོང་གི་མ་ལག་བཙུགས་པ།

    ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གྲོང་བྱང་གི་རྒྱལ་མོ་རྔུལ་ཆུའི་འདམ་རའི་སྤྱི་གླིང་ལ་རྒྱ་ཁྱོན་མུའུ་1720ཙམ་ཡོད་ཅིང་། འདམ་རའི་ནང་མཛེས་ལྗོངས་ཀྱི་བར་ཁྱམས་དང་། གློག་སྒྲོན། གྱང་བཅས་བསྐྲུན་ཡོད་པས་རྫོང་གྲོང་གི་མཁའ་རླུང་ཁོར་ཡུག་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ནས་རྫོང་གྲོང་དང་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སྙོམས་སྒྲིག་དང་དེ་བཞིན་ཆུ་རྩ་གསོ་བ་དང་ཆུ་ལོག་སྔོན་འགོག་སོགས་ལ་ནུས་པ་ཐོན་ཡོད་པ་རེད།

    “འདམ་རའི་སྤྱི་གླིང་ཡག་པོ་བསྐྲུན་རྗེས་རྫོང་གྲོང་གི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་སོང་བ་མ་ཟད། ད་དུང་ཡུལ་མི་ཚོར་ཡང་སྤྲོ་གསེང་བྱེད་ས་ཡག་པོ་ཞིག་བྱུང་སོང”ཞེས་སྙན་རོང་རྫོང་གི་ཡུལ་མི་དབང་མོས་བཤད།

    རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་འདམ་རའི་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་འདམ་ར་སྲུང་སྐྱོང་སྲོལ་ཡིག》དང་། 《བོད་རང་སྐྱོང་ལྗོངས་ཀྱི་འདམ་ར་གཏན་འཁེལ་དང་མིང་གཞུང་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》 《བོད་རང་སྐྱོང་ལྗོངས་ཀྱི་འདམ་རའི་སྤྱི་གླིང་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》 《བོད་རང་སྐྱོང་ལྗོངས་ཀྱི་འདམ་ར་སྲུང་སྐྱོང་དང་ཉམས་གསོའི་ལམ་ལུགས་ལག་བསྟར་ཇུས་གཞི》སོགས་ཁྲིམས་སྲོལ་གཏན་འབེབས་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱས་པས། བོད་ཀྱིས་ཁྲིམས་ལྟར་འདམ་རའི་ཐོན་ཁུངས་ལ་སྲུང་སྐྱོང་དོ་དམ་བྱེད་པར་ཁྲིམས་སྐྱོང་གི་འགན་ལེན་བྱས་ཡོད།

    དེ་དང་ཆབས་ཅིག་རང་ལྗོངས་ཀྱིས“རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར”དང་། རྒྱལ་སྤྱིའི་འདམ་ར་གལ་ཆེན། རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན། རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་བཅས་ཀྱི་རེ་ཞུའི་ལས་དོན་ཧུར་ཐག་སྤེལ་བ་རེད། མིག་སྔའི་བར་བོད་ཀྱི་མ་ཕམ་གཡུ་མཚོ་དང་། སྨི་ཏི་ཁ། སེར་གླིང་མཚོ། བཀྲ་རི་གནམ་མཚོ་བཅས་འདམ་ར་བཞི་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་གཞུང་ནང་བཅུག་པ་དང་། འདམ་ར་གསུམ་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་གྱི་མིང་གཞུང་ནང་བཅུག་པ། འདམ་ར་15བོད་ཀྱི་འདམ་ར་གཙོ་བོའི་མིང་གཞུང་ནང་བཅུག་པ། ར་འོག་མཚོ་སོགས་འདམ་རའི་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་15དང་མདོ་ཆེན་མཚོ་སོགས་རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང(ཚོད་ལྟའི་ས་ཚིགས)22བཙུགས་ཡོད།

    འདམ་ར་ཚང་མར་སྲུང་སྐྱོང་ནུས་ལྡན་བྱས་པ།

    ཉིང་ཁྲི་གྲོང་ཁྱེར་ཡར་ཀླུང་གཙང་པོ་དང་ཉང་ཆུའི་འབྲེལ་མཚམས་ཀྱི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ལ་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་8738ཡོད། ལོ་གཅིག་དུས་བཞིར་སྤྱི་གླིང་ནང་རླབས་ཕྲེང་ལང་ལོང་དུ་གཡོ་བ་དང་། སྐྱེ་སྟོབས་ཀྱི་དཔལ་འབར་བ། རི་སྐྱེས་སྲོག་ཆགས་སྣ་ཚོགས་ཅི་དགར་རོལ་བ། རྩི་ཤིང་སྐྱེ་འཚར་བཟང་བ་བཅས་ཡོད།

    བྲག་ཡིབ་ཆུས་ཀླུ་སྟེང་གྲོང་ཚོའི་པད་མ་མཆོག་ནི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་འདམ་རའི་དོ་དམ་པ་ཞིག་ཡིན་ཞིང་། ཉིན་ལྟར་སྔ་དྲོའི་ཆུ་ཚོད་9པར་པད་མ་མཆོག་གིས་དུས་ཐོག་ཏུ་ལག་ཆ་ཆ་ཚང་འཁྱེར་ནས་ནགས་ཚལ་དུ་སྐོར་ཞིབ་བྱེད་པ་དང་། ར་སྐོར་བཟོ་བ། གད་སྙིགས་སྒྲུག་པ་བཅས་བྱེད་ཀྱི་ཡོད། པད་མ་མཆོག་གིས“དབྱར་ཁ་ཆར་ཤུགས་ཆེ་བས་མི་ཁ་ཤས་ཀྱིས་བྱེ་མ་རྐུ་བའམ་ཉ་འཛིན་རྒྱུ་སྔོན་འགོག་བྱ་ཆེད། གྲོང་ཚོས་མ་དངུལ་གྲབས་གསོག་བྱས་ནས་ཉོས་པའི་ཀོ་གྲུ་བཏང་སྟེ་ལྟ་བར་འགྲོ་དགོས་ཀྱི་ཡོད། གནམ་གཤིས་ཡག་པོ་མེད་པའི་དུས་སུའང་ལྷོད་གཡེང་སྤུ་ཙམ་ཡང་གཏོང་གི་མེད”ཅེས་བཤད།

    འདམ་ར་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད། ས་གནས་དེ་གའི་འདམ་ར་དོ་དམ་སྡེ་ཚན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས། རྒྱུན་གཏན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་མང་ཚོགས་སྐོར་སྐྱོད་སྲུང་སྐྱོང་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་འདམ་ར་དོ་དམ་སྲུང་སྐྱོང་གི་འགན་འཁྲི་ནན་དུ་བཏང་བ་དང་། འདམ་རའི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་ཀྱི་ལས་དོན་ཧུར་ཐག་སྤེལ་ནས་མང་ཚོགས་ཀྱི་འདམ་ར་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་དང་འདམ་ར་དོ་དམ་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་སྟེ་འདམ་རའི་སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་བྱེད་ནུས་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད་པ་རེད།

    མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པ།

    ཉེ་ཆར། ལྷ་སར་ཁྲུང་ཁྲུང་སྐེ་ནག་ཁྱུ་དང་ཁྱུ་བྱས་ནས་དགུན་སྒྲོལ་དུ་སླེབས་ཡོད་པ་དང་འདི་ལོའི་དཔྱིད་ཟླ་གསུམ་པ་དང་བཞི་པའི་བར་སྡོད་ཀྱི་ཡོད།

    ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་གནས་སྤོས་ནས་ངལ་གསོ་བའམ་ཡང་ན་སྐྱེ་འཕེལ་བྱེད་པ་ནི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་རྒྱུན་མཐུད་ཕྱིན་པའི་མཚོན་རྟགས་ཡག་ཤོས་ཤིག་རེད། ཉེ་བའི་ལོ་ཤས་རིང་བོད་ཀྱིས་འདམ་ར་སྲུང་སྐྱོང་དང་སླར་གསོའི་བྱེད་ཐབས་རིམ་བཞིན་ལག་ལེན་བསྟར་རྗེས་འདམ་རའི་རྒྱ་ཁྱོན་ཇེ་ཆེར་ཕྱིན་པ་དང་། སྲོག་ཆགས་ཀྱི་གནས་སྤོ་སར་ཡང་སྲུང་སྐྱོང་ནུས་ལྡན་ཐུབ་པ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་གྲངས་འབོར་ཟམ་མི་ཆད་པར་མང་དུ་ཕྱིན་པ་མ་ཟད། ལྷག་དོན་དུ་ཆུ་བྱ་སོགས་འདབ་ཆགས་ཀྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད།

    ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གྲོང་ཤར་བྱང་རྒྱུད་ཀྱི་ཨ་རྭ་འདམ་རའི་སྐྱེ་ཁམས་ཁོར་ཡུག་ལེཌ་པའི་དབང་གིས་སྟོངས་ལ་ཉེ་བའི་ཆུ་བྱ་མང་པོ་དེ་གར་འཚོ་སྡོད་བྱེད་པར་ཡོང་གི་ཡོད།

    འདམ་རའི་སྲུང་སྐྱོང་བྱེད་ཐབས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ལེའུ་གསར་པ་རྩོམ་བཞིན་ཡོད། གོམ་སྟབས་རྗེས་མར་བོད་ཀྱིས་འདམ་ར་སྲུང་སྐྱོང་གི་བྱེད་ཐབས་ཁག་མུ་མཐུད་ལག་བསྟར་དོན་འཁྱོལ་བྱས་ནས། འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་དང་དེའི་ཉེ་འཁོར་སྔོ་ཁེབས་ཁེབས་ཚད་མངོན་གསལ་དོད་པོས་ཆེ་རུ་བཏང་སྟེ་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།