“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”སྲིད་ཇུས་ཀྱི་སྐུལ་འདེད་འོག་རང་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་ར་འཁྲུག་ཏུ་ཕྱིན་པ།
“ང་ཚོ་བོད་དུ་ལོ་གསར་གཏོང་བར་སླེབས་ཡོད”
འདི་ནི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཡུལ་སྐོར་བ་མང་པོ་ཡོད་པ།
ཡུལ་སྐོར་བས་དར་ཆགས་པའི་གནམ་མཚོར་འཁྱགས་རྩེད་རྩེ་བཞིན་པ།
འདི་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཉིན་གཅིག་ཏུ་འཁེལ་ཞིང་། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”གཟིགས་སྐྱོང་སྲིད་ཇུས་ཀྱི་སྐུལ་འདེད་འོག རང་ལྗོངས་ཀྱི་མཛེས་ལྗོངས་ཁུལ་ཁག་ཏུ་ཡུལ་སྐོར་བ་མང་བ་མ་ཟད། ཡུལ་སྐོར་ཁྲོམ་ར་དེ་བས་འཁྲུག་ཆ་དོད། ཡུལ་སྐོར་བས་བོད་དུ་ས་མཐོའི་མཛེས་ལྗོངས་མྱོང་རོལ་བྱེད་པ་དང་ཆབས་ཅིག ཐུན་མོང་མ་ཡིན་པའི་དམངས་སྲོལ་གོམས་གཤིས་ཉམས་ལེན་བྱས་ནས་དམིགས་བསལ་གྱི་ལོ་གསར་ཞིག་བཏང་བ་རེད།
ལོ་གསར་ཚེས་གཅིག་ཉིན་གྱི་ཞོགས་པར་ཅང་སུའུ་ནས་ཡིན་པའི་ཡུལ་སྐོར་བ་ཞའོ་ཀྲོའུ་སྔ་པོ་ནས་ལངས་ཏེ་བོད་ཆས་ལེགས་པར་སྤྲས་ནས་ལོ་གསར་ལ་བསུ་བ་ཞུས།
“ད་ཐེངས་བོད་དུ་ཡོང་བ་ལས་ང་དང་དགའ་ཉེ་སྤུན་གྲོགས་ཚོ་བོད་དུ་ཡུལ་སྐོར་བྱེད་པའི་བསམ་འདུན་རྦད་དེ་གྲུབ་སོང་། སང་ལོ་གོ་སྐབས་བྱུང་ན་ཡང་བསྐྱར་ཡོང་ཐག་ཆོད་ཡིན”ཞེས་ཞའོ་ཀྲོའུ་ཡིས་བཤད།
ཟླ་2ཚེས་11ཉིན། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་སྤྱི་གླིང་དུ་ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པའི་སྤྲོ་གསེང་བྱེད་སྒོར་ཡུལ་སྐོར་བས་ཁེངས། བྱེད་སྒོ་སྤེལ་ཡུལ་དུ་མི་རྣམས་མཉམ་དུ་རྩེད་མོ་རྩེ་བ་དང་གླུ་ལེན་གར་འཁྲབ་བྱེད་བཞིན་འདུག
“ཉིང་ཁྲིར་སླེབས་མ་ཐག་སྤྲོ་གསེང་བྱེད་སྒོ་སྤེལ་བ་དང་སྐབས་འཁེལ་བས། ལས་དོན་པས་ང་ལའང་དྲན་རྟེན་དངོས་པོ་སྤྲད་བྱུང་བས་ཧ་ཅང་དགའ་པོ་བྱུང”ཞེས་སི་ཁྲོན་གྱི་ཡུལ་སྐོར་བ་མཱ་མིང་ཧུའེ་ཡིས་བཤད།
ཉིང་ཁྲིའི་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་གྱི་མཛེས་སྡུག་ལྡན་པའི་རྣམ་པས་ཡུལ་སྐོར་བའི་ཡིད་ཀྱི་བརྟན་པ་རབ་ཏུ་འཕྲོག་པ་མ་ཟད། མདའ་འཕེན་པ་དང་། ཇ་བསྲུབས་མ་འཐུང་བ། ཀོང་པོའི་ཆས་གྱོན་པ། རྟ་བཞོན་པ་སོགས་ཀྱི་བྱེད་སྒོར་ཞུགས་ནས་དགའ་བདེའི་དཔལ་ལ་རོལ་བཞིན་མཆིས།
ཟླ་2ཚེས་9ཉིན། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཤིག་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་འབྱོར། དེ་གའི་གྲོང་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་སྤྲོ་སེམས་འཁོལ་བའི་ངང་ཡུལ་སྐོར་བར་དཀར་གཙང་ཁ་བཏགས་ཕུལ་བ་མ་ཟད། ཕྱེ་མར་དང་ཆང་ཕུད་སོགས་བཀྱག་སྟེ་ཐག་རིང་ནས་ཕེབས་པའི་སྐུ་མགྲོན་ཚོར་བསུ་བ་ཞུས། སྡེ་ཁུལ་གྱིས་ཡུལ་སྐོར་བར་མདའ་འཕེན་དང་། སྤོས་བཟོ་བ། དཔྱིད་གསར་ཆ་ཡིག་འབྲི་བ་སོགས་ཀྱི་ཉམས་ལེན་བྱེད་སྒོ་སྣ་ཚོགས་བཀོད་སྒྲིག་བྱས་པས་ཡུལ་སྐོར་བར་ལོ་གསར་གྱི་སྤྲོ་སྣང་ཆེན་པོ་སྦྱིན།
བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ཐང་ཆེན་དུ་ཧུའུ་ནན་གྱི་ཡུལ་སྐོར་བ་ཀྲང་ཙེ་རུའེ་ཡིས་སེམས་འགུལ་ཐེབས་བཞིན“ང་ཚོ་བོད་དུ་ལོ་གསར་གཏོང་ཐེངས་དང་པོ་ཡིན། དེ་རིང་རོ་བཅུད་ལྡན་པའི་བོད་ཟས་ཀྱི་བྲོ་བ་མྱོང་རྒྱུ་བྱུང་ལ། སྤོས་བཟོ་སྟངས་ཀྱང་མྱོང་ལེན་ཐུབ་པས་ཧ་ཅང་དགའ་པོ་བྱུང”ཞེས་བཤད།
ཡིད་དབང་འཕྲོག་པའི་ས་མཐོའི་མཛེས་ལྗོངས་དང་ངོ་མཚར་ཆེ་ཞིང་སྤྲོ་སྣང་ལྡན་པའི་རོལ་རྩེད་བྱེད་སྒོ་སོགས་ལས་རྒྱ་ཆེའི་ཡུལ་སྐོར་བ་ཚོར་བརྗེད་པར་དཀའ་བའི་སྤྲོ་སྣང་སྦྱིན།