སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་གྱི་ཁོར་ཡུག་བཅོས་སྒྲིག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
བརྗོད་དོན་གཙོ་བོའི་སློབ་གསོ་རྒྱུན་མཐུད་དང་གཏིང་ཟབ་སྤེལ་ཆེད། ལྷ་ས་གྲོང་ཨུད་ཀྱི“རྣམ་བཞི་གཅིག་སྒྲིལ”དང“ཐབས་བདུན་མཉམ་སྤྱོད”“བྱ་སྤྱོད་ཆེན་པོ་བརྒྱད”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་གྱི་གོང་འོག་ཚང་མས་བཀའ་རྒྱ་ཐོས་མ་ཐག་བྱ་སྤྱོད་སྤེལ་བ་དང་རྒྱ་ཆེའི་མང་ཚོགས་ཧུར་ཐག་ཞུགས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།
དེའི་རིང་དམར་གྲོང་རྡལ་གྱིས་མ་དངུལ་སྒོར་ཁྲི་40ལྷག་ཙམ་བཏང་ནས་ལས་བྱེད་པ་དང་མང་ཚོགས་མི་ཐེངས་5085སྒྲིག་འཛུགས་བྱས་པ་དང་། འཕྲུལ་ཆས་ཐེངས་372སྤྱད་ནས་གད་སྙིགས་ཏུན་260ཙམ་གཙང་འདྲེན་བྱས་པ་དང་གནད་དོན་ཁག་315དག་ཐེར་བྱས་ཡོད། འཛུགས་སྐྲུན་གང་བྱུང་བྱེད་པ་དང་། ས་ཆ་གང་བྱུང་བཟུང་བ། ཕྱུགས་རིགས་གང་བྱུང་དུ་གློད་པ། གད་སྙིགས་གང་བྱུང་དུ་སྤུངས་པ། སྒྲིག་བཀོད་ལ་གཏོར་སྐྱོན་གཏོང་བ་སོགས་ཀྱི་བཅོས་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད། ཡ་རབས་འགྲོ་སྐྱོད་དང་། བདེ་ཐང་བཟའ་བཏུང་། ཁོར་ཡུག་ལ་གཅེས་སྤྲས། སྤྱི་རྫས་ལ་བདག་གཅེས་བཅས་བྱེད་པའི་དར་སྲོལ་གསར་པ་རིམ་བཞིན་ཆགས་ནས་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་ཤུགས་རྒྱག་པ་དང་། སྤྱི་ཚོགས་ལས་རིགས་ཁག་གིས་མཉམ་སྐྲུན་མཉམ་བཅོས་བྱེད་པའི་རྣམ་པ་བཟང་པོ་ཞིག་རགས་ཙམ་ཆགས་ཡོད་པ་རེད།
གྲུབ་འབྲས་སྲ་བརྟན་དུ་ཏན་ཏིག་བཏང་ནས་བཅོས་སྒྲིག་བྱ་སྤྱོད་རྒྱུན་རྣམ་ཅན་དང་། ལམ་ལུགས་ཅན། ཕུགས་ཕན་ཅན་བཅས་ལ་སྐུལ་འདེད་གཏོང་ཆེད། དམར་གྲོང་རྡལ་གྱིས་མིག་སྔའི་བཅོས་སྒྲིག་དང་ཡུན་རིང་འཛུགས་པ་ཟུང་འབྲེལ་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་དོན་དངོས་དང་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། ལས་ཀ་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས“ཁང་པའི་རྒྱབ་མདུན་ལ་གད་བདར་ཡང་ཡང་རྒྱག་པ་དང་། ཁང་པའི་ནང་དང་སྒོ་རར་གཙང་སྦྲ་བྱེད་པ། གད་སྙིགས་གང་བྱུང་མ་དབྱུགས་པ་དང་བཙོག་ཆུ་གང་བྱུང་མ་བཤོ་བ། སྤྱི་དམངས་ཀྱིས་ཀུན་སྤྱོད་ལ་བརྩི་སྲུང་ཞུ་བ། སྤྱི་པའི་སྒྲིག་བཀོད་ལ་གཏོར་བཤིག་མི་གཏོང་བ་དང་རྒྱུན་གཏན་ནས་དོ་དམ་ཡག་པོ་བྱེད་པ། ཕྱུགས་རིགས་དང་གཅེས་ཉར་སྲོག་ཆགས་ལ་དོ་དམ་ནན་པོ་བྱས་ནས་འགྲོ་ལམ་ཐོག་གང་བྱུང་སྐྱོད་རིགས་ལ་འགན་འཁྲི་འཁུར་བ། ཁང་པ་གང་བྱུང་མི་རྒྱག་པ་དང་སྒྲིག་འགལ་སྐྲུན་དངོས་ལ་དོ་དམ་ནན་པོ་བྱེད་པ། ས་ཆ་གང་བྱུང་བཟུང་རིགས་ངོ་ཚར་བརྩི་བ་དང་མང་ཚོགས་ཀྱི་ཚོགས་ཆེན་ཐོག་མཉམ་དུ་སྐྱོན་བརྗོད་བྱེད་པ། འགྲོ་སྐྱོད་བདེ་འཇགས་ལ་ཡིད་གཟབ་ཀྱིས་སྦག་ཞྭ་གྱོན་པ་དང་ལག་ཁྱེར་ཆ་ཚང་ཁྱེར་བ། ས་བཟུང་གཉེར་སྐྱོང་ལ་ཆད་པ་ནན་པོ་བཅད་ནས་འགན་གཙང་ལྔའི་འགན་འཁྲི་ངེས་པར་དུ་དོན་འཁྱོལ་བྱེད་པ། ཆུ་ཡུར་དང་ཆུ་ཁོངས་ལ་དོ་དམ་སྲུང་སྐྱོང་ཡག་པོ་བྱས་ནས་ཆུ་དཔོན་གྱིས་སྐོར་གཡེང་བདེ་འཇགས་ལ་འགན་ལེན་བྱེད་པ”སོགས་ནང་དོན་དུ་བྱས་པའི་དམར་གྲོང་རྡལ་གྱི“བཅོས་སྐྱོང་མན་ངག་བཅུ”ལ་ཕྱོགས་སྡོམ་བྱས་ནས་བཟོས་པ་རེད།
གོམ་སྟབས་རྗེས་མར་དམར་གྲོང་རྡལ་གྱིས“བཅོས་སྐྱོང་མན་ངག་བཅུ”གྲོང་སྲོལ་དམངས་ཆིངས་ལ་བཅུག་ནས་དེ་ཉིད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་ལས་ཀའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་གཏིང་ཟབ་སྤེལ་བའི་དམ་འཛིན་བྱེད་གཞི་གལ་ཆེན་ཞིག་ལ་བརྩི་བ་དང་། “བཅོས་སྒྲིག་གི་བྱ་སྤྱོད་ནམ་ཡང་ཚར་དུས་མེད་པ”མཐའ་འཁྱོངས་བྱེད་པ། གནད་དོན་ཤེས་རྟོགས་དང་བཅོས་སྒྲིག་བྱེད་རིང་ཉམས་མྱོང་དང་བྱ་ཐབས་ལ་ཕྱོགས་སྡོམ་བྱེད་པ། ལས་ཀའི་ལམ་སྲོལ་འཛུགས་པ། འབྱུང་རྩ་ནས་སྐྱོན་ཆ་འགོག་པ། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་རེད།