ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི།
ཡུལ་སྐོར་ཁེ་སྤོགས་ལོ་རེ་བཞིན་མང་དུ་ཕྱིན། གྲོང་མིའི་འཚོ་བ་ཉིན་རེ་བཞིན་བདེ་སྐྱིད་ལྡན།
“པ་སངས་ལ་སྒོར་17890དང་། བཀྲ་ཤིས་ཕུན་ཚོགས་ལ་སྒོར་21500 རྡོ་རྗེ་ཚེ་རིང་ལ་སྒོར་19750སོགས”ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ཚོགས་ཁང་དུ་གྲོང་མི་ཚང་མའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་ཡུལ་སྐོར་ཐོན་ལས་ཀྱི་ཁེ་སྤོགས་བགོ་བའི་མཛད་སྒོ་ཞིག་གནས་འདིར་འཚོགས་ཡོད།
གང་སར་སྐད་གྲགས་ཆོད་པའི་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི“ཡར་ཀླུང་བཀྲ་ཤིས་ཞོལ་པའི”ལྷ་མོ་རྒྱུན་འཛིན་བྱས་ནས་ད་བར་ལོ་600ལྷག་ཙམ་སོང་ཞིང་། དེ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དང་པོ་རེད་ལ། ས་གནས་དེ་གའི་མང་ཚོགས་ཀྱི་ཕྱུག་འགྱུར་མཆོག་ནོར་ཡང་རེད།
ཉེ་བའི་ལོ་ཤས་རིང་། གྲོང་གསེབ་དར་རྒྱས་གཏོང་བའི་ཤར་རླུང་ལ་བརྟེན་ནས། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས“ལྷ་མོའི་གྲོང་ཚོ་དང་པོ་དང་ས་མཐོའི་བག་ཕེབས་འཚོ་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཁྱིམ་ཚང་མགྲོན་ཁང་ཡུལ་སྐོར་དང་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་གཏོང་བ་དང་། སྡོད་མལ་ཁོར་ཡུག་བཅོས་སྒྲིག་ཧུར་ཐག་བྱེད་པ། མངོན་མིན་རིག་གནས་ཤུལ་བཞག་གསོན་ཉམས་ལྡན་པའི་ངང་རྒྱུན་འཛིན་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས། ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་མང་པོས་བོད་ཀྱི་གོམས་སྲོལ་དང་བོད་ཀྱི་ཁྱད་འཕགས་རིག་གནས་ཉམས་ལེན་གཏིང་ཟབ་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཡོད།
ཡུལ་སྐོར་གྱི་མི་རྒྱུན་ལས་སྡེ་ཁུལ་གྱི་སྒོ་རྩིས་ཚོང་ཁང་དང་། ཇ་ཁང་། བོད་ཟས་སོགས་རིམ་བཞིན་འཕེལ་རྒྱས་བྱུང་ཞིང་། 2023ལོར་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་1.6ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་180ལྷག་ཙམ་བྱུང་ཡོད།
ད་ཆ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་མང་ཚོགས་ཚོར་ལོ་གསུམ་བསྟུད་མར་ཁེ་སྤོགས་བགོ་འགྲེམས་བྱས་ནས་ཁྱིམ་ཚང་ཚང་མར་ཡུལ་སྐོར་གྱི་ཕན་པ་ཐོབ་ཡོད།
བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ཀྲུའུ་རེན་ཉི་མ་ཚེ་རིང་གིས“རིག་གནས་ཡུལ་སྐོར་ནི་ང་ཚོའི་སྡེ་ཁུལ་གྱིས་ཡུལ་བབ་དང་བསྟུན་ནས་གཙོ་གནད་ཐོག་བཏོད་པ་དང་གྲོང་ཚོ་ཡོངས་ལ་ཕན་པའི་ཐོན་ལས་ཤིག་རེད”སླད་ཕྱིན་ང་ཚོས་དེ་བས་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་བྱ་ཐབས་སྤྱད་དེ་ལྷ་མོ་འཁྲབ་སྟོན་དང་། ཁྱིམ་ཚང་མགྲོན་ཁང་། བཟའ་བཏུང་། ཡུལ་སྐོར་སྣེ་ལེན་སོགས་ཀྱི་ཞབས་ཞུ་གཅིག་གྱུར་གཉེར་སྐྱོང་དང་། ཡུལ་སྐོར་ལས་དོན་ཁང་དང་ཧུའུ་པེ་སོགས་བོད་སྐྱོར་ཞིང་ཆེན་དང་འབྲེལ་མཐུད་ཧུར་ཐག་གིས་ཡུལ་སྐོར་བ་དེ་བས་མང་བར་སྣེ་ལེན་ཞུས་ནས་མང་ཚོགས་ཚོར་ཡུལ་སྐོར་གྱི་ཡོང་འབབ་དེ་བས་བརྟན་པོ་ཡོང་ཐབས་བྱེད་ཀྱི་ཡིན་ཞེས་བཤད།