ཉིང་ཁྲི་གྲོང་ཁྱེར་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་སྟོབས་ཤུགས་ལ་བསྒྱུར་ནས་ཡུལ་སྐོར་གྱི་གྲགས་ཅན་རྫོང་གི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་གཏོད་པ།
“2023ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1317ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་116ཟིན་པ་དེ་2022ལོའི་དུས་མཚུངས་ལས་100.26%དང་105.99%འཕར་ཡོད། དེའི་ནང་སྤོ་བོ་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་245.86ལ་སྣེ་ལེན་ཞུས་པར་རིམ་རྩིས་བརྒྱབ་ན་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་16.13ཟིན་པ་དང་། མེ་ཏོག་རྫོང་གིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་42.56ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2.71ཟིན་ཡོད” ཅེས་ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་རེད།
2023ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བའི་སྔོན་སྤེལ་ལས་ཀའི་གཙོ་གནད་ལ་དམིགས་པ་དང་འཛམ་གླིང་རིམ་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་གྱི་དམིགས་ཚད་ལ་དམིགས་ཏེ། སྤོ་བོ་རྫོང་དང་མེ་ཏོག་རྫོང་ཚོད་ལྟའི་ཁུལ་དུ་བྱས་ནས་འཚོལ་ཞིབ་ཧུར་ཐག་དང་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པ་དང་། གསར་གཏོད་ལ་བརྟེན་ནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་བཏང་སྟེ་ཡུལ་སྐོར་གྲགས་ཅན་རྫོང་གི་སྤུས་རྟགས་གཏོད་རྒྱུ་དོན་ཐོག་ཏུ་འཁྱོལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། རྫོང་ཨུད་ཀྱི་ཧྲུའུ་ཅིས་ཙུའུ་ཀྲང་བྱས་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་རྫོང་ཡོངས་མཛེས་ལྗོངས་ཁུལ་ཆེན་པོ་ཞིག་ཏུ་བརྩིས་ནས་ཇུས་འགོད་དང་། འཆར་འགོད། གསར་གཏོད་བཅས་བྱས་ཏེ་སྔ་རྗེས་སུ་ཡུལ་སྐོར་གྲགས་ཅན་རྫོང་གི་ལས་ཀའི་ལག་བསྟར་ཇུས་གཞི་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་རྫོང་གི་ལས་ཀའི་ཇུས་གཞི་སོགས་བཟོས་ནས་རྫོང་ཡོངས་ཀྱི་སྟོབས་ཤུགས་འདོན་པ་དང་རྫོང་ཡོངས་ཀྱི་བློ་གྲོས་གཅིག་སྡུད་ཀྱིས“ཐོན་ཁུངས་ཀྱི་ལེགས་ཆ”དེ“ཐོན་ལས་ཀྱི་སྟོབས་ཤུགས”ལ་བསྒྱུར་ཡོད་པ་རེད།
ཡུལ་སྐོར་བའི་མྱོང་ཚོར་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་ཆེད། སྤོ་བོ་རྫོང་གིས་G318ལམ་ཐིག་མཁར་རྨོག་གྲོང་ཚོ་དང་། རྫོང་གྲོང་། སྤོ་བོ། ར་འོག་བཅས་འབྲེལ་མཚམས་ཀྱི་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་སྒར་ས་སླར་ཡང་རིམ་པ་སྤར་ནས་སྒྱུར་བཀོད་བྱས་ཏེ་རླངས་འཁོར་འཇོག་ས་མང་དུ་བཏང་ནས་དམངས་ལ་སྟབས་བདེ་བསྐྲུན་པ་དང་། མ་དངུལ་སྒོར་ཁྲི་14བཏང་ནས་G318ལམ་རྒྱུད་ཀྱི་ཡུལ་སྐོར་གསང་སྤྱོད་ཀྱི་ཁོར་ཡུག་འཕྲོད་བསྟེན་སྒྲིག་ཆས་སྲུང་སྐྱོང་བྱས་པ་རེད།
མེ་ཏོག་རྫོང་གིས་ཀོ་ཀོ་ཐང་མཛེས་ལྗོངས་ཁུལ་དང་ཡུལ་སྐོར་བ་བསྡུ་འགྲེམས་ལྟེ་གནས་སོགས་སྤུས་ཚད་མཐོར་གཏོང་རིམ་སྤོར་རྣམ་གྲངས་ལག་ལེན་བསྟར་ནས་ཕད་གྲོང་རྡལ་ནས་མེ་ཏོག་རྫོང་བར་གྱི་གཞུང་ལམ་མེ་ཏོག་ས་ཁོངས་ཀྱི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལ་སྐུལ་འདེད་བཏང་བ། “དྲ་ཐོག་ནས་མེ་ཏོག་ལ་ཡུལ་སྐོར་བྱེད་པའི”རིག་ནུས་ཅན་གྱི་ལས་སྟེགས་འཛུགས་སྐྲུན་གསར་སྤེལ་བྱས་ནས། སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར་དང་། གསར་བརྗེའི་རྒྱལ་གཅེས་མཐའ་སྲུང་ཡུལ་སྐོར། མོན་པ་དང་ལྷོ་པ་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ཉམས་ལེན་ཡུལ་སྐོར་སོགས་ཡུལ་སྐོར་གྱི་ལམ་ཐིག་སྤུས་དག་ཁག་གཅིག་བཏོད་ཡོད།
ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ་དང་དུས་མཚུངས། ཉིང་ཁྲི་གྲོང་ཁྱེར་གྱིས“ཡུལ་སྐོར་+”འཕེལ་རྒྱས་ཀྱི་འཚོལ་ཞིབ་ཧུར་ཐག་བྱས་ནས་ཡུལ་སྐོར་དེ་རིག་གནས་དང་། ཞིང་འབྲོག་ལས། ལུས་རྩལ་སོགས་མཚམས་སྒྲོལ་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་པ་སྣ་ཚོགས། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བཅས་ཀྱི་དུས་སྟོན་བྱེད་སྒོ་རྒྱུན་མཐུད་སྤེལ་བ་དང་། ཐོན་རྫས་གསར་པ་དང་། ལས་རྣམ་གསར་པ། མཁོ་སྤྲོད་གསར་པ་བཅས་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱས་ནས་ཁྱད་ལྡན་ཡུལ་སྐོར་སྤུས་དག་ཅིག་ཆགས་པར་བྱས་ཡོད། སྤོ་བོ་རྫོང་གིས་རིག་གནས་གསར་གཏོད་ཐོན་རྫས་རིགས་36དེ་དགG318ལམ་རྒྱུད་ཀྱི་མཛེས་ལྗོངས་ཁུལ་དང་། ཡུལ་སྐོར་ཞབས་ཞུའི་ལྟེ་གནས། ཁྱད་ལྡན་ཐོན་རྫས་ཚོང་ཁང་ཆེ་གྲས་བཅས་སུ་མཉམ་འབྲེལ་ཐོག་བྲིན་ཚོང་བྱས་པ་དང་། གསར་བརྗེའི་ཐོག་ཁང་གི་གར་སྟེགས་ཟློས་གར《སྤོ་བོའི་གསར་བརྗེ》ཞེས་པ་བཏོད་དེ《སྤོ་བོ་དང་རྫ་ཡུལ་གྱི་རྐང་སྒྲ》དང《གསེར་མདོག་ཅན་གྱི་སྤོ་བོ》སོགས་རིག་རྩལ་སྤུས་དག་ལེ་ཚན་17གསར་རྩོམ་བྱས་པ། སྤོ་བོ་རྫོང་གི“འཁྱགས་རོམ་བུམ་པའི”རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་སྐབས་དང་པོ་དང“བར་ལུང་གཙང་པོའི་བུམ་པའི”ལན་ཆིའུ་སྤོ་ལོའི་འགྲན་བསྡུར་གཉེར་ནས་སྤོ་བོའི་ཡུལ་སྐོར་གྱི་ཁྱད་ཆོས་ཕྱོགས་བསྡུས་ཐོག་མངོན་པར་བྱས་ཏེ་ལུས་རྩལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་བཏང་ཡོད། མེ་ཏོག་རྫོང་གིས་མོན་པ་རིགས་ཀྱི་གྱོན་ཆས་ཆ་ཚང་800བཟོ་ལྟ་སྒྱུར་ནས“‘མེ་ཏོག’ལ་མ་གཏོགས་མེད་པ”དང“དྲ་ཐོག་གི་མེ་ཏོག”ཅེས་པའི་རིམ་སྤེལ་རིག་གནས་གསར་གཏོད་ཐོན་རྫས་ཁྱབ་གདལ་བཏང་བ། 《མེ་ཏོག་གི་མོན་པ་དང་ལྷོ་པའི་རིག་གནས་ལོ་རྒྱུས》དང《མཛེས་སྡུག་ལྡན་པའི་མེ་ཏོག》སོགས་ཀྱི་དཔེ་དེབ་རྩོམ་སྒྲིག་བྱས་ནས《རྡོ་ཁོག་ལས་འཕྲོས་པའི་ཕུགས་འདུན》དང《ཕ་ཡུལ་མེ་ཏོག》སོགས་ཁྱད་ལྡན་ཞབས་བྲོ་གསར་རྩོམ་དང་ཁྱབ་གདལ་བཏང་ཡོད།