དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ​ཁྲུང་ཁྲུང་སྐེ་ནག་དགུན་སྒྲོལ་བྱ་ཡུལ་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-27

    སྐྱེ་ཁམས་ཡག་དང་མི་ཡག ནམ་མཁའི་བྱ་ལ་གཟིགས་དང་། ཉེ་ཆར། རང་ལྗོངས་སུ་དགུན་སྒྲོལ་དུ་སླེབས་པའི་ཁྲུང་ཁྲུང་སྐེ་ནག་མང་ནས་མང་དུ་ཕྱིན་ཡོད། ཁྲུང་ཁྲུང་སྐེ་ནག་ནི་འཛམ་གླིང་གི་ཁྲུང་ཁྲུང་རིགས་15ལས་ཤེས་རྟོགས་ཕྱི་ཤོས་བྱུང་བའི་རིགས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ཁྲུང་ཁྲུང་སྐེ་ནག་གི་འཚོ་གནས་ཁོར་ཡུག་སྟེ། སྐྱེ་འཕེལ་དང་དགུན་སྒྲོལ་བྱེད་ས་རྒྱུན་ཆད་མེད་པར་ལེགས་སུ་སོང་བ་དང་བསྟུན་ནས། ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ཡང་རྒྱུན་མཐུད་འཕེལ་ཡོད། མིག་སྔར། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7ཚང་མར་ཁྱབ་ཡོད་པ་དང་། དབྱར་དུས་སུ་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་10600ལྷག་ཙམ་ཟིན་པ་དང་། དགུན་དུས་སུ་དགུན་སྒྲོལ་མཁན་གྱི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་11200ལྷག་ཙམ་ཟིན་གྱི་ཡོད།

    སྲུང་སྐྱོབ་བྱེད་ཤུགས་སྔར་བས་ཆེ།

    ལོ་རེའི་ཟླ་10པ་ནས་ཕྱི་ལོའི་ཟླ་3པ་བར་ནི་ཁྲུང་ཁྲུང་སྐེ་ནག་གི་དགུན་སྒྲོལ་དུས་ཚོད་རེད། “ཁྲུང་ཁྲུང་སྐེ་ནག་ལ་སྲུང་སྐྱོབ་སྔར་བས་ཡག་པོ་ཐུབ་ཕྱིར། ང་ཚོས་ཆེད་དུ་སྐོར་སྲུང་བྱེད་མཁན་9བཀོད་སྒྲིག་བྱས་ནས། དུས་དང་རྣམ་པ་ཀུན་ཏུ་ཁྲུང་ཁྲུང་སྐེ་ནག་གི་གནས་ཚུལ་གསར་ཤོས་ཁོང་དུ་ཆུད་ཐབས་བྱེད་ཀྱི་ཡོད”ཅེས་ལྷུན་གྲུབ་རྫོང་ནགས་ལས་རྩྭ་ཐང་ཅུས་ཀྱི་ལས་དོན་པ་སྐྱིད་མོ་ཡིས་བཤད་པ་དང་། ཁོང་གིས། ལྷུན་གྲུབ་རྫོང་གིས་དོན་དངོས་དང་ཟུང་འབྲེལ་གྱིས་འབྲེལ་ཡོད་ཀྱི་སྒྲིག་སྲོལ་དང་བྱ་ཐབས་བཟོས་ནས། ཁྲུང་ཁྲུང་སྐེ་ནག་ལ་འཚམ་ཞིང་སྤུས་དག་པའི་འཚོ་གནས་ཁོར་ཡུག་ཅིག་བསྐྲུན་ཡོད་ཅེས་ངོ་སྤྲོད་བྱས། མིག་སྔའི་བར། ལྷུན་གྲུབ་རྫོང་གིས་ཁྲུང་ཁྲུང་སྐེ་ནག་50ལྷག་ཙམ་བསྐྱབས་པ་རེད།

    ལྷུན་གྲུབ་རྫོང་མཁར་རྩེ་གྲོང་ཚོ་ནས་ཡིན་པའི་དོན་གྲུབ་ཚེ་རིང་ནི་སྐོར་སྲུང་བ་བྱས་ནས་ལོ་17སོང་བ་རེད། མི་ལོ་བཅུ་ལྷག་ཙམ་གྱི་དུས་ཚོད་ནང་། ཁོང་གིས་སྐད་གྲགས་ཅི་ཡང་མེད་པའི་ངང་ནས་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོབ་ཀྱི་ལས་ལ་མཐའ་གཅིག་ཏུ་གཞོལ་བས། ད་ཆ་ཁོང་དང་ཁྲུང་ཁྲུང་སྐེ་ནག་དབར་ལས་འབྲེལ་གྱི་མདུད་པས་དམ་དུ་བཅིངས་ཡོད། “ངའི་བསམ་འདུན་གཙོ་བོ་ནི་རང་བྱུང་ཁོར་ཡུག་ཡག་པོ་སྲུང་རྒྱུ་དེ་ཡིན། རི་སྐྱེས་སྲོག་ཆགས་མང་ནས་མང་དུ་སོང་བ་མཐོང་དུས་ངའི་སེམས་ལ་དགའ་ཚོར་ཆེན་པོ་སྐྱེས་ཀྱི་འདུག”ཅེས་དོན་གྲུབ་ཚེ་རིང་གིས་བཤད། ལོ་འདི་དག་རིང་། དོན་གྲུབ་ཚེ་རིང་གིས་རང་འགུལ་ངང་རང་གི་ཁ་པར་ཨང་གྲངས་མཁར་རྩེ་ཆུ་མཛོད་ཉེ་འཁོར་གྱི་མང་ཚོགས་ལ་སྤྲད་དེ། སུ་དང་གང་ཞིག་གིས་རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་སྐེ་ནག་མཐོང་ཚེ། དུས་ཐོག་ཏུ་རང་ལ་འབྲེལ་བ་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

    ལོ་ལྟར་ཁྲུང་ཁྲུང་སྐེ་ནག་དགུན་སྒྲོལ་བའི་དུས་སུ། དོན་གྲུབ་ཚེ་རིང་གིས་སེམས་རྣལ་དུ་ཕབ་ནས་སྐོར་སྲུང་དང་འབྲེལ་བའི་ལས་ཀ་བྱེད་ཀྱི་ཡོད་ཅིང་། སྐོར་སྲུང་དང་། ལྟོ་སྟེར་བ། ཁྲུང་ཁྲུང་རྨས་མ་སྐྱོབ་པ་བཅས་ནི་ཁོང་གིས་ཉིན་རེར་སྒྲུབ་དགོས་པའི་ལས་ཀ་ཁག་གསུམ་ཡིན། མཁར་རྩེ་གྲོང་ཚོ་ནས་མཁར་རྩེ་ཆུ་མཛོད་བར། དོན་གྲུབ་ཚེ་རིང་གིས་མིག་ཟུང་ཕྱོགས་བཞིར་བལྟས་ནས། ཁྲུང་ཁྲུང་སྐེ་ནག་དྲ་སྐོར་ལ་འཁྲིལ་བའམ་གློག་ཤིང་ལ་བརྡུངས་ཡོད་མེད་དང་། འཁྱམ་ཁྱི་སོགས་ཀྱིས་འདེད་མིན་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། “ང་དགུན་ཁར་དགའ་ཤོས་ཡིན། གང་ཡིན་ཟེར་ན། དགུན་ཁ་ནི་འཁྲུག་ཆ་དོད་ཤོས་དང་བྲེལ་བ་ཚ་ཤོས་རེད། ཁྲུང་ཁྲུང་སྐེ་ནག་ནི་ངའི་ཕྲུ་གུ་དང་ཁྱད་མེད་པས། ང་ཁོ་ཚོར་དགའ་པོ་ཡོད”ཅེས་དོན་གྲུབ་ཚེ་རིང་གིས་བཤད།

    ཁྲུང་ཁྲུང་།

    འཚོ་གནས་ཁོར་ཡུག་བདེ་ཞིང་སྐྱིད།

    ལྷ་ས་ནས་ཐོན་ཏེ། གསར་འགོད་པ་དང་བཅས་པ་རླངས་འཁོར་ལ་བསྡད་དེ་ལྷུན་གྲུབ་རྫོང་མཁར་རྩེ་ཤང་དུ་ཁྲུང་ཁྲུང་སྐེ་ནག་དགུན་སྒྲོལ་བྱེད་ཚུལ་ལ་ལྟ་བར་སྐྱོད།

    ཁྲུང་ཁྲུང་སྐེ་ནག་ནི་ལྷུན་གྲུབ་རྫོང་མཁར་རྩེ་ཆུ་མཛོད་དང་སྟག་མགོ་ཆུ་མཛོད་ཁུལ་དུ་གཙོ་བོར་འཚོ་སྡོད་བྱེད་ཀྱི་ཡོད་ཅིང་། དེ་ནི་ཡར་ཀླུང་གཙང་པོའི་དབུས་རྒྱུད་ལུང་གཞུང་གི་ཁྲུང་ཁྲུང་སྐེ་ནག་འདུ་ཚོགས་ཆེ་ཤོས་ཀྱི་སྲུང་སྐྱོབ་ཁུལ་ཞིག་རེད། ཁུལ་དེའི་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་ཆེ་ཤོས་ལ་གྲངས་འབོར་400ནས་500བར་ཡོད། བརྟག་དཔྱད་གྲངས་གཞི་ལས་མངོན་པ་ལྟར་ན། ལྷ་ས་གྲོང་ཁྱེར་དུ་ཁྱོན་ཁྲུང་ཁྲུང་སྐེ་ནག་3600ལྷག་ཙམ་ཡོད་པ་ལས་ལྷུན་གྲུབ་རྫོང་ཁོ་ནར་2200ལྷག་ཙམ་ཡོད་པ་རེད།

    འོ་ན་ཁྲུང་ཁྲུང་སྐེ་ནག་གི་འཚོ་གནས་ཁོར་ཡུག་ལ་ཆ་རྐྱེན་གང་དག་འཛོམས་དགོས་སམ་ཟེར་ན།

    “ཞག་སྡོད་བྱེད་ས་བརྟན་པ་དང་། སྲོལ་རྒྱུན་གྱི་ཞིང་ཐང་ཡངས་པ། མི་དང་འདབ་ཆགས་ཞི་ཞིང་མཐུན་པ། སྐྱེ་ཁམས་སྲུང་སྐྱོང་གི་རྨང་གཞི་ཅུང་ལེགས་པ་བཅས་ནི་ལྷུན་གྲུབ་རྫོང་དུས་བྱ་མང་པོའི་འཚོ་གནས་ཁོར་ཡུག་ཏུ་གྱུར་པའི་རྒྱུ་རྐྱེན་གཙོ་བོ་རེད”ཅེས་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་དབྱང་ལེ་ཡིས་ལན་དེ་ལྟར་བཏབ།

    ལྷུན་གྲུབ་རྫོང་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་ཤར་མཚམས་སུ་གནས་ཡོད་པ་དང་། དེ་གར་ཆུ་སྣ་འཛོམས་ཤིང་། ཆུ་མཛོད་ཤིན་ཏུ་མང་བས་ཡངས་པའི་ཞིང་ཐང་ལ་ཞིང་ཆུ་འདྲེན་པར་ཆ་རྐྱེན་ཡག་པོ་བསྐྲུན་ཡོད་སྟབས། ལྷ་སའི་འབྲུ་མཛོད་ལྟ་བུར་གྱུར་ཡོད། སྟོན་དུས་བཙས་མ་བརྔས་རྗེས། ཞིང་ཐང་ཡངས་པོའི་ཕང་བར་ཟགས་པའི་འབྲུ་གུ་ནི་ཁྲུང་ཁྲུང་སྐེ་ནག་གི་དགུན་ལྟོར་གྱུར་ཡོད། དེས་ན། ལྷ་བྱ་ཁྲུང་ཁྲུང་ཞེས་བཀྲ་ཤིས་པའི་འདབ་ཆགས་སུ་ངོས་འཛིན་པའི་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་སོས་ཀའི་དུས་སུ་བོད་བྱང་ཐང་དུ་སྐྱེ་འཕེལ་བྱེད་པ་དང་། དགུན་ཚུགས་རྗེས། གཏན་འཁེལ་གྱི་ལམ་ཐིག་བརྒྱུད་དེ་ལྷོ་བཞུད་ཀྱི་ལམ་ལ་ཞུགས་ནས། ལྷ་ས་སྐྱིད་ཆུ་དང་། མྱང་ཆུ་གཙང་པོའི་འབབ་རྒྱུད་སོགས་སུ་དགུན་སྒྲོལ་བྱེད་ཅིང་། དེ་བས་ལྷུན་གྲུབ་རྫོང་ནི་ཁྲུང་ཁྲུང་སྐེ་ནག་ལྷག་པར་དགའ་བའི་དགུན་སྒྲོལ་བྱ་ཡུལ་དུ་གྱུར་ཡོད།

    མི་དང་དུས་བྱ་ཞི་ཞིང་མཐུན།

    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་སྟག་མགོ་ཆུ་མཛོད་ཁུལ་དུ་ཁྲུང་ཁྲུང་སྐེ་ནག་གཉིས་རེ་གསུམ་རེ་བྱས་ཏེ་བག་ཕེབས་ངང་ཟས་འཚོལ་བཞིན་མཆིས། མཉམ་དུ་འདུས་པའི་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་སྐབས་རེ་དགའ་སྤྲོའི་ངང་ནས་གཤོག་ཟུང་བསྒྱུར་ཏེ་དམའ་པོར་འཕུར་བ་དང་། སྐབས་རེ་ཡང་ཟོར་དོད་པོས་ཆུ་ངོས་སུ་བབས་ཏེ་རྩེད་འཇོར་རོལ་བ་ལས་སྐྱིད་སྣང་རབ་ཏུ་དོད་པའི་འདབ་ཆགས་ཀྱི་གླིང་ཕྲན་ཞིག་ཏུ་སླེབས་དང་མཚུངས།

    ཉེ་བའི་ལོ་ཤས་རིང་། ལྷུན་གྲུབ་རྫོང་གིས་ཞིབ་དཔྱད་ཀྱི་གནས་ཚུལ་དང་ཁྲུང་ཁྲུང་སྐེ་ནག་བབ་སྡོད་བྱེད་སའི་ཁྱད་ཆོས་ལ་གཞིགས་ནས། ལྟོ་སྟེར་ས་10བཙུགས་པ་དང་། ལོ་ལྟར་དུས་རིམ་4ལ་བགོས་ནས་ལྟོ་སྟེར་སར་དགུན་གྲོ་དང་ནས་རྒྱ་མ་ཁྲི་1.7ལྷག་ཙམ་གཏོར་བ་དང་། དུས་ངེས་མེད་དུ་ཁྲུང་ཁྲུང་སྐེ་ནག་ལ་ནས་དང་གྲོ་སོགས་ཀྱི་ལྟོ་སྣོན་སྟེར་གྱི་ཡོད།

    མཁར་རྩེ་འདམ་ར་ནི་ལྟོ་སྟེར་སའི་གྲས་ཤིག་རེད། ད་ལོར་ལོ་43ལ་སླེབས་པའི་བློ་བཟང་ཚེ་བརྟན་གྱི་ཁྱིམ་ནི་འདམ་རའི་ཉེ་འཁོར་དུ་ཡོད་ཅིང་། ཉིན་ལྟར་ཞོགས་པར་ཁོང་སྔ་པོ་ནས་མཁར་རྩེ་འདམ་རར་ཕྱུགས་འཚོ་བར་འགྲོ་གི་ཡོད། “‘གྲོང་པ’མང་ནས་མང་དུ་ཕྱིན་སོང་། ལོ་བཅུ་ཙམ་གྱི་དུས་ཡུན་རིང་། ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ཐོག་མའི་རྐང་ཁ་ཤས་ནས་ད་ལྟ་རྐང་བརྒྱ་ཕྲག་བར་འཕར་སོང”ཞེས་བློ་བཟང་ཚེ་བརྟན་གྱིས་བཤད། ཁོང་གིས། ཁྲུང་ཁྲུང་སྐེ་ནག་དང་ཕྱུགས་རིགས་རང་རང་གི་ཟས་ལ་ཅི་དགར་རོལ་ཏེ་ཕན་ཚུན་འཚེ་བ་མེད་པར་ཞི་བདེའི་དཔལ་ལ་རོལ་བཞིན་ཡོད་ཅེས་བཤད།

    འཚོ་གནས་ཁོར་ཡུག་བདེ་འཇགས་ལྡན་ཞིང་། ལྟོ་འབེལ་པོ་ཡོད་པར་བརྟེན་སྲུང་སྐྱོབ་ཁུལ་གྱི་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་ལོ་རེ་ལས་ལོ་རེ་མ་འདས་པར་འཕར་བཞིན་ཡོད། 2003ལོར། ཡར་ཀླུང་གཙང་པོའི་དབུས་རྒྱུད་ལུང་གཞུང་ཁྲུང་ཁྲུང་སྐེ་ནག་རང་བྱུང་སྲུང་སྐྱོབ་ཁུལ་ནི་ཁྱད་དུ་འཕགས་པའི་རང་བྱུང་ཁོར་ཡུག་ལ་བརྟེན་ནས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ལ་བདམས་པ་རེད། (བུ་ཆུང་དང་བསོད་ནམས་ཚེ་རིང་གིས་བསྒྱུར)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།