ཁྱིམ་གཞིས་དེ་བས་མཛེས། འཚོ་བ་དེ་བས་སྐྱིད།
ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དང་ཆུ་གསུམ་རྫོང་གིས་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱས་པའི་སྐོར་གྱི་སྒྲིལ་གླེང་།
ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དང་ཆུ་གསུམ་རྫོང་གིས་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་པ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དམངས་སེམས་འདུ་འགོད་ཅིག་ཏུ་བརྩིས་ནས། འགོ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། བརྒྱུད་རིམ་ལྡན་པའི་ཇུས་འགོད་མཐའ་འཁྱོངས། མ་དངུལ་གཏོང་ཤུགས་ཆེ་བ། གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་འགྲོ་བར་སྐུལ་འདེད་བཅས་བྱས་པས། མང་ཚོགས་ཀྱི་བདེ་ཐང་གི་འདུ་ཤེས་ཡོངས་ཁྱབ་ངང་ཟབ་ཏུ་ཕྱིན་པ་དང་གཙང་ཞིང་གྲལ་འགྲིག་ལ་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་ཞིག་ཆགས་ཡོད་པ་རེད།
གྲོང་ཚོར“འབྱུང་འཕྲོད་དངུལ་ཁང”བཙུཊ་པ།
ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོ་ཁག་གཅིག་ཏུ་གད་སྙིགས་ཀྱིས་ཚོང་ཟོག་བརྗེ་ཆོག་པའི་གནས་ཚུལ་ཐོས་རྗེས། གསར་འགོད་པས་དེར་ལྟ་བར་འགྲོ་བའི་སེམས་ཐག་བཅད་པ་ཡིན།
ཟངས་རི་རྫོང་འབོད་ཐོས་ཤང་གཞུ་མོ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཁང་པ་ཞིག་གི་སྒོ་འགྲམ་དུ་བྱང་བུ་ལྗང་གུ་ཞིག་བཀལ་འདུག་པར་མི་རྣམས་དོ་སྣང་ཆེན་པོ་བྱུང་ཞིང་། དེའི་སྟེང་རྒྱ་ཡིག་དང་བོད་ཡིག་གཉིས་ཀྱིས“འབོད་ཐོས་ཤང་གཞུ་མོ་གྲོང་ཚོའི་བསྡུ་ཆོག་པའི་གད་སྙིགས་བརྗེ་བའི་སྒོ་རྩིས་ཚོང་ཁང”ཞེས་བྲིས་འདུག
“མང་ཚོགས་ཀྱིས་ཁྱེར་ཡོང་བའི་བསྡུ་ཆོག་པའི་གད་སྙིགས་ལ་ང་ཚོས་སྔོན་ལ་རིགས་དབྱེ་ནས་ལྗིད་ཚད་འཇལ་བ་དང་དེ་ནས་ཁྲོམ་རའི་རིན་གོང་ལ་གཞིགས་ཏེ་རིན་གོང་ཕབ་རྩིས་བརྒྱབ་རྗེས་སྐར་གསོག་གི་ཡོད། དེ་ལྟར་བྱས་ཚེ་ང་ཚོའི་སྒོ་རྩིས་ཚོང་ཁང་དུ་དངུལ་བཅོལ་བ་དང་གཅིག་མཚུངས་ཡིན་པ་དང་སྒོ་རྩིས་ཚོང་ཁང་ནས་ཚོང་ཟོག་བརྗེ་ཆོག་གི་ཡོད”ཅེས་གཞུ་མོ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཕང་ལིན་ལིན་གྱིས་ངོ་སྤྲོད་བྱས།
གཞུ་མོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཕུར་བུ་བཀྲ་ཤིས་ཀྱིས། དེ་སྔ་གྲོང་ཚོར་ཚོགས་འདུ་འཚོགས་པའམ་ཡང་ན་ཞིང་བྲེལ་དུས་ཚིགས་ཡོལ་མ་ཐག་འཐུང་ཆུའི་འགྱིག་དམ་གང་སར་དབྱུག་གི་ཡོད། བསྡུ་ཆོག་པའི་གད་སྙིགས་བརྗེ་བའི་སྒོ་རྩིས་ཚོང་ཁང་བཙུགས་རྗེས་འཐུང་ཆུའི་འགྱིག་དམ་གང་སར་དབྱུགས་པ་མཐོང་རྒྱུ་མི་འདུག དེ་ལས་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་པ་མ་ཟད། ད་དུང་གྲོང་ཚོའི་རྣམ་པ་མངོན་གསལ་དོད་པོས་ལེགས་སུའང་ཕྱིན་ཡོད་ཅེས་བཤད།
འདི་ལོ་ཚུན། ཟངས་རི་རྫོང་གིས་ཞིང་འབྲོག་ཁུལ་གྱི་གད་སྙིགས་གཙང་སེལ་གྱི་རྒྱ་ཁྱོན་ཆེན་པོ་མེད་པའི་ཞན་ཆར་དམིགས་ནས་གསར་གཏོད་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་པ་དང“ཕྱོགས་བསྡུས་སྐར་མ་བསགས་ཏེ”བརྗེ་བར་ལྕག་སྐུལ་བྱ་ཐབས་ལག་ལེན་བསྟར་ཏེ།
མང་ཚོགས་ཀྱིས་གད་སྙིགས་ཚུར་བསྡུ་དང་འཕྲོད་བསྟེན་གཙང་སྦྲ་སོགས་ཀྱི་ལག་ལེན་ལ་ཞུགས་པར་ལྕག་སྐུལ་བྱས་ཤིང་། འབོད་ཐོས་ཤང་གཞུ་མོ་གྲོང་ཚོ་སོགས་སྔོན་ལ་ཚོད་ལྟ་བྱ་ཡུལ་གྲོང་ཚོ་6ཏུ“གད་སྙིགས་དངུལ་བརྗེས་སྒོ་རྩིས་ཚོང་ཁང”བཙུགས་ནས་སྤྱོད་འགོ་ཚུགས་པ་དང་དེ་བྱིངས་ཀྱི་གྲོང་ཚོ་ཨུ་ལྷན་ཁག་ཏུ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད། གོམ་སྟབས་རྗེས་མར་རྫོང་ཡོངས་ལ་ཁྱབ་གདལ་བཏང་ནས“ཤེས་དཔལ་ལྗང་མདོག་དངུལ་ཁང”གི་ལམ་སྲོལ་ཟངས་རི་རྫོང་དུ་རིམ་བཞིན་འཛུགས་རྩིས་ཡོད་པ་རེད།
ནོར་ལུག་གཅིག་སྡུད་གསོ་ཚགས་ཁང་བསྐྲུན་པ།
ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པའི་ཟངས་རི་རྫོང་འབོད་ཐོས་ཤང་རིན་ཆེན་སྒང་གྲོང་ཚོ་དང་ཐོག་རྗེས་ལུས་ཐེབས་པའི་གྲོང་ཚོ་ཆུང་ཆུང་ཞིག་ཡིན་པ་དང་། ནོར་ལུག་གང་སར་གློད་པ་དང་ལྕི་བ་དང་གད་སྙིགས་ཀྱང་གང་སར་མཐོང་རྒྱུ་ཡོད།
ཉེ་བའི་ལོ་ཤས་རིང་། གྲོང་ཚོས་གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་གྲངས་ལག་ལེན་བསྟར་ནས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱས་པ་བརྒྱུད། 2023ལོར་མ་དངུལ་སྒོར་ཁྲི་2278བཏང་ནས་གྲོང་ཚོའི་མཐའ་འཁོར་དུ་གཅིག་སྡུད་རྣམ་པའི་མི་ཕྱུགས་ལོགས་དབྱེའི་ས་ཚིགས་3དང་གྲོང་ཚོ་ཡོངས་ཀྱི་དུད་ཚང་69ཚང་མར་ལྷས་ར་རེ་བསྐྲུན་པས་གྲོང་ཚོའི་ཕྱུགས་རིགས་ཚང་མ་གཅིག་སྡུད་གསོ་ཚགས་ཁང་དུ་གསོ་ཚགས་བྱེད་བཞིན་ཡོད་པ་རེད།
འདི་ལོ་ཚུན་དུ་ཟངས་རི་རྫོང་གིས་མི་ཕྱུགས་ལོགས་དབྱེའི་ལས་གྲྭའི་རྣམ་གྲངས་ཀྱི་འཆར་འགོད་ལ་བརྟེན་ནས་རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་གཅིག་སྡུད་ལོགས་དབྱེའི་བ་ཚང་དང་ལུག་ཚང་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་རེད། མིག་སྔའི་བར་རིན་ཆེན་སྒང་གྲོང་ཚོ་དང་། མཐར་མ་གྲོང་ཚོ། བྱང་ཐང་གྲོང་ཚོ་བཅས་གྲོང་ཚོ་གསུམ་གྱི་ལས་གྲྭ་འཛུགས་སྐྲུན་ལེགས་གྲུབ་ཟིན་ནས་སྤྱོད་འགོ་ཚུགས་ཡོད། དེ་བྱིངས་ཀྱི་གྲོང་ཚོ་ཁག་གི་སྤྱི་ཡོངས་ཀྱི་འཛུགས་སྐྲུན་ལས་དོན་ལེགས་གྲུབ་ཟིན་པ་དང་ལོ་དེར་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་གྱི་ཡོད། སྐབས་དེ་དུས་རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་དང་གྲོང་ཚོའི་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུ་རེད།
ཁྱིམ་ཚང་ཚང་མས“གཙང་སྦྲ་དོད་ཤོས་ཀྱི་དུད་ཚང”བརྩོན་ལེན་བྱེད་པ།
ཆུ་གསུམ་རྫོང་ཆུ་མདོ་རྒྱང་ཤང་རྫོང་ཞོལ་གྲོང་ཚོ་ནི་རྫོང་གྲོང་དང་བར་ཐག་རིང་ཤོས་ཀྱི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་རེད། སྔར་ནས་ད་བར་ཚང་མའི་བག་ཆགས་ནང་འབྲོག་ཁུལ་གྱི་འཕྲོད་བསྟེན་གནས་ཚུལ་ཞིང་ཁུལ་ལས་ཞན་པ་ཡོད་མོད། འོན་ཀྱང་ད་ཆའི་རྫོང་ཞོལ་གྲོང་ཚོས་མི་རྣམས་ལ་བག་ཆགས་བཟང་པོ་བཞག་ཡོད།
ཉེ་བའི་ལོ་ཤས་རིང་། ཆུ་གསུམ་རྫོང་གིས“ལོ་གཅིག་ལ་རྨང་གཞི་འདིང་བ་དང་། ལོ་གཉིས་ལ་སྲ་བརྟན་དུ་གཏོང་བ། ལོ་གསུམ་ལ་འགྱུར་ལྡོག་ཆེན་པོ་ཡོང་བ”བཅས་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་སྤྱིའི་དམིགས་ཚད་བཟོས་ནས། རྫོང་ཡོངས་སུ་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་དང་དཔེ་སྟོན་གྲོང་ཚོ་འཛུགས་གཏོད་སོགས་ཀྱི་ལས་དོན་ཤུགས་ཆེན་སྤེལ་ཡོད། འདི་ལོ་རྫོང་གིས“གཟའ་འཁོར་རེར་གཙང་སྦྲ་སྟབས་བདེ་དང་ཟླ་རེར་གཙང་སྦྲ་ཞིབ་ཚགས་བྱེད་པའི”ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། གཟའ་འཁོར་རེའི་གཟའ་ཟླ་བ་དང་ཟླ་རེའི་ཚེས་25ཉིན་གྲོང་ཚོའི་གཙང་སྦྲའི་ཉིན་མོར་གཏན་འཁེལ་བྱས་པ་དང་སྒྲིག་འཛུགས་ཡོད་པའི་སྒོ་ནས་གྲོང་ཚོར་གཙང་སྦྲའི་བྱ་སྤྱོད་སྤེལ་གྱི་ཡོད།
སྔོན་ཐོན་ལ་ལྕག་སྐུལ་དང་རྗེས་ལུས་ལ་ལྕག་འདེབས་བྱ་ཆེད། ཆུ་གསུམ་རྫོང་གིས་ད་དུང་རྫོང་ཡོངས་སུ་དུས་ཚིགས་ཀྱི“སྐོར་སྐྱོད་དར་ཆ་དམར་ནག”དང་ལོ་འཁོར་གྱི“མིང་ཐོ་ནག་པོའི”དཔྱད་བསྡུར་ལམ་ལུགས་བཙུགས་ཡོད། ཟླ་5ཚེས་6ཉིན་དང་ཟླ་8ཚེས་4ཉིན་རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་གཟེངས་བསྟོད་ཚོགས་ཆེན་དང་ཆུ་གསུམ་རྫོང་གི་སྒྲིག་འགལ་བསྐྲུན་དངོས་བཤིག་པ་དང་གྲོང་ཚོའི་ཟང་ཟིང་གི་རྣམ་པ་བཅོས་སྒྲིག་དང་མཛེས་སུ་གཏོང་བའི“གཅིག་སྡུད་འགག་སྒྲོལ”གྱི་ཆེད་དོན་བྱ་སྤྱོད་བཀོད་སྒྲིག་ཚོགས་འདུ་ཁག་སོ་སོར་འཚོགས་ནས། རྫོང་རིམ་པའི་བྱ་དགའི་མ་དངུལ་དང་དེ་བཞིན་གྲོང་གསེབ་ཀྱི་བྱ་དགའ་ཆད་གཅོད་མ་དངུལ་གྱི་ལམ་ལུགས་བཙུགས་པ་མ་ཟད། “ཕུལ་བྱུང་གི་ཤང་དང་གྲོང་རྡལ”2དང་། “རྗེས་ལུས་ཀྱི་ཤང་དང་གྲོང་རྡལ”2 “སྔོན་ཐོན་གྲོང་ཚོ”5 “རྗེས་ལུས་གྲོང་ཚོ”5 ལོ་འཁོར་གྱི“ཁྱིམ་ཚང་ཡག་ཤོས་བཅུའི”དུད་ཚང་10ལ་བྱ་དགའ་ཆད་གཅོད་བྱས་ནས། ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་ལ་སྒུལ་ནུས་གསར་པ་འཕེལ་བར་བྱས་ཡོད།
གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གསང་སྤྱོད་གསར་བརྗེ། འཚོ་བའི་བཙོག་ཆུ་གཙང་གསིང་དང་གད་སྙིགས་གཙང་སེལ། གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བ་སོགས་གཙོ་གནད་ལས་དོན་སྤེལ་བ་བརྒྱུད། ཆུ་གསུམ་རྫོང་གི་གྲོང་ཚོའི་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་གྲོང་མིའི་ཁོར་ཡུག་འཕྲོད་བསྟེན་གྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད། 2022ལོར་ཆུ་གསུམ་རྫོང“རྒྱལ་ཡོངས་ཀྱི་གྲོང་ཚོ་གཙང་མའི་བྱ་སྤྱོད་ཀྱི་སྔོན་ཐོན་རྫོང”དུ་བདམས་པ་དང་། 2021ལོར་ཆུ་མདོ་རྒྱང་ཤང་རྨ་རོ་གྲོང་ཚོ་རང་སྐྱོང་ལྗོངས་རིམ་པའི་གཙང་སྦྲ་དོད་ལ་གྲལ་འགྲིག་པའི་དཔེ་སྟོན་གྲོང་ཚོར་བདེ་བླག་ངང་འཛུགས་གཏོད། 2022ལོར་ཆུ་གསུམ་གྲོང་རྡལ་ཆུ་མཁར་གྲོང་ཚོ་དང་ཤག་བྱང་ཤང་ཤག་བྱང་གྲོང་ཚོ་རང་སྐྱོང་ལྗོངས་རིམ་པའི་བདེ་སྐྱིད་དང་གནས་འཕྲོད་ཀྱི་དཔེ་སྟོན་གྲོང་ཚོར་བདེ་བླག་ངང་འཛུགས་གཏོད། ཆུ་གསུམ་གྲོང་རྡལ་གདོང་མཁར་གྲོང་ཚོ་རང་སྐྱོང་ལྗོངས་རིམ་པའི་མཛེས་སྡུག་སྤྲོ་གསེང་གི་དཔེ་སྟོན་གྲོང་ཚོར་བདེ་བླག་ངང་འཛུགས་གཏོད། ཆུ་གསུམ་གྲོང་རྡལ་ཆུ་གསུམ་གྲོང་ཚོ་རྒྱལ་ཡོངས་ཀྱི་མཛེས་སྡུག་དང་གནས་འཕྲོད་ཀྱི་དཔེ་སྟོན་གྲོང་ཚོར་བདེ་བླག་ངང་འཛུགས་གཏོད་བྱས་པ་རེད།