དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ཕན་གཏུག་བཤེར་ལྟ་སྐུལ་གྱི་འགན་འཁྲི་བསྒྲུབས་ཏེ་སློབ་གྲྭའི་མཐའ་འཁོར་དུ“ཐ་མག་མེད་པའི”ཁོར་ཡུག་གཏོད་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-06

    “མིག་སྔར་སློབ་གྲྭའི་མཐའ་འཁོར་དུ་སྒྲིག་འགལ་ངང་ཐ་མག་འཚོང་བའི་གནད་དོན་བཅོས་སྒྲིག་ཐུབ་སོང་། ཚོང་དུད་མང་ཆེ་བས་རང་རྟོགས་ངང་ཚོང་ཁང་དུ་ན་སོ་དར་ལ་མ་བབས་པའི་མིར་ཐ་མག་བཙོངས་མི་ཆོག་ཅེས་པའི་དྲན་སྐུལ་སྦྱར་ཡིག་སྦྱར་ཡོད” འདི་ལོའི་ཟླ་4པར་ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ཕན་གཏུག་བཤེར་ལྟ་སྐུལ་གྱི་འགན་འཁྲི་སྒྲུབ་སྐབས། སྣེ་གདོང་ཆུས་ཀྱི་སློབ་འབྲིང་ཞིག་གི་ཉེ་འགྲམ་གྱི་ཚོང་ཁང་ཞིག་ཏུ་ཐ་མག་ཆེད་ཚོང་ཆོག་འཐུས་ལག་ཁྱེར་གྱི་དུས་ཆད་ཡོལ་རུང་སྔར་བཞིན་ཐ་མག་འཚོང་བ་མ་ཟད། ཚོང་ཁང་དང་སློབ་གྲྭ་དེའི་དབར་བར་ཐག་སྨི་70ལས་མེད་པ་ཤེས།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》སུ། སློབ་གྲྭ་དང་བུ་བཅོལ་ཁང་གི་ཉེ་འཁོར་དུ་ཐ་མག་དང་སྦི་རག་བཙོངས་མི་ཆོག་ལ་ན་སོ་དར་ལ་མ་བབས་པའི་མིར་ཐ་མག་དང་སྦི་རག་བཙོངས་མི་ཆོག་པའི་གཏན་འབེབས་གསལ་པོ་བྱས་ཡོད། ཞིབ་དཔྱོད་ཁང་དེས་བརྟག་དཔྱད་ཞིབ་བསྡུར་བྱས་རྗེས་གོང་གསལ་གྱི་སློབ་གྲྭའི་ཉེ་འཁོར་དུ་ཐ་མག་འཚོང་བའི་བྱེད་སྤྱོད་ལ་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་ལྟ་འདོམས་ནུས་ལྡན་མ་བྱས་སྟབས། རྒྱ་ཆེའི་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་པའི་ངོས་འཛིན་བྱས་པ་རེད།

    དེར་བརྟེན་ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཟླ་བདུན་པར་ཁྲིམས་ལྟར་ལྷོ་ཁ་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ལ་ཞིབ་དཔྱོད་གྲོས་འགོའི་ཡི་གེ་སྤྲད་ཅིང་། འགན་ནུས་སྡེ་ཚན་དེས་ལྟ་འདོམས་ཀྱི་འགན་འཁྲི་བསྒྲུབས་ནས་འབྲེལ་ཡོད་ཚན་པ་དང་མཉམ་དུ་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་སློབ་གྲྭའི་ཉེ་འཁོར་དུ་སྒྲིག་འགལ་ངང་ཐ་མག་འཚོང་བའི་བྱེད་སྤྱོད་ལ་ཕྱོགས་ཡོངས་ནས་གཙང་བཤེར་བྱས་ཏེ། ན་སོ་དར་ལ་མ་བབས་པའི་མིར་ཐ་མག་འཚོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་འབྲེལ་རྒྱུན་གཏན་གྱི་ལྟ་སྐུལ་དང་ཁྲིམས་སྒྱུར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། “ན་སོ་དར་ལ་མ་བབས་པའི་མིར་ཐ་མག་བཙོངས་མི་ཆོག་པའི”མཚོན་རྟགས་ཚད་ལྡན་སྦྱོར་དགོས་པའི་གྲོས་འགོ་བཏོན་པ་རེད།

    ལྷོ་ཁ་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ལ་ཞིབ་དཔྱོད་ཀྱི་གྲོས་འགོ་འབྱོར་རྗེས་ཚད་མཐོའི་མཐོང་ཆེན་བྱས་ནས་མགྱོགས་མྱུར་བཅོས་སྒྲིག་བྱས་པ་རེད། 《ལྷོ་ཁ་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས“ཡར་ཀླུང་གསེར་ཕུབ”ཀྱི་ཐ་མག་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཇུས་གཞི》བཟོས་ནས་ཁྲིམས་སྒྱུར་བ་སྒྲིག་འཛུགས་ཀྱིས་སློབ་གྲྭའི་ཉེ་འཁོར་གྱི་ཐ་མག་སིལ་ཚོང་བྱ་ཡུལ་ལ་གྲལ་བཤེར་གཏིང་ཟབ་བྱས་པ་དང་རྩིས་ཐོ་བཟོས་ནས་གཙོ་གནད་དུ་རྗེས་སྙེག་ལྟ་འདོམས་དང་རིགས་དབྱེ་བཅོས་སྒྲིག་བྱས་པ་རེད། 《ལྷོ་ཁ་གྲོང་ཁྱེར་གྱི་རྡོ་ཐ་ཆེད་ཚོང་ཅུས་ཀྱི་རྡོ་ཐའི་ཐོན་རྫས་སིལ་ཚོང་བྱ་ཡུལ་བཀོད་སྒྲིག་ལུགས་མཐུན་བྱེད་པའི་གཏན་འབེབས》ལག་བསྟར་ནན་ཏན་བྱས་ཏེ་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་ཉེ་འཁོར་སྨི་70ཡི་ནང་ཚུན་དུ་ཐ་མག་སིལ་ཚོང་བྱ་ཡུལ་བཀོད་སྒྲིག་མི་བྱེད་པའི་བླང་བྱ་དོན་འཁྱོལ་བྱས་ནས་སྲིད་འཛིན་ཆོག་འཐུས་ཚོད་འཛིན་གྱི་འགག་སྒོ་ནན་པོ་བསྲུངས་པ་དང་སིལ་ཚོང་བྱ་ཡུལ་བཀོད་སྒྲིག་ལུགས་མཐུན་བྱས་པ་རེད།

    དེ་དང་ཆབས་ཅིག་སྤྱི་བདེ་དང་ཁྲོམ་ར་ལྟ་འདོམས་སོགས་སྡེ་ཚན་དང་མཉམ་དུ་ན་སོ་དར་ལ་མ་བབས་པའི་མིར་ཐ་མག་དང་གློག་རྡུལ་ཐ་མག་འཚོང་རིགས་ལ་བཅོས་སྒྲིག་དང་། གློག་རྡུལ་ཐ་མག་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་ནས་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་ཉེ་འཁོར་དུ་གཏན་འབེབས་དང་མི་མཐུན་པའི་ཐ་མག་སིལ་ཚོང་བྱ་ཡུལ་9མེད་པར་བཟོས་པ་དང་། ལག་ཁྱེར་མེད་པའི་གཉེར་སྐྱོང་དུད་ཚང་5ཁྲོམ་ར་ལྟ་འདོམས་ཅུས་ལ་རྩིས་སྤྲད་པ་རེད། གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭར“མ་འོངས་པར་ངས་ཁྱེད་ལ་སྲུང་སྐྱོབ་བྱེད”ཅེས་པའི་སློབ་གྲྭའི་ནང་དུ་ཐ་མག་གཏན་འགོག་བྱེད་བརྗོད་དོན་གཙོ་བོའི་འཛིན་ཚོགས་འཚོགས་ནས་ཐ་མག་གིས་གཞོན་ནུ་ལོ་ཆུང་གི་གཟུགས་པོར་གནོད་པ་ཇི་ཡོད་འགྲེལ་བཤད་བརྒྱབ་སྟེ། ན་སོ་དར་ལ་མ་བབས་པའི་མིས་རྨོངས་ཚོད་ཡ་ཡུག་གིས་དར་སོའི་རྗེས་སུ་སྙེག་པ་དང་ཡ་མཚན་གྱི་བསམ་བློ་བཅངས་ནས་ཐ་མག་དང་གློག་རྡུལ་ཐ་མག་འཐེན་པའི་བྱ་སྤྱོད་འདོར་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    “སྤྱི་ཕན་གཏུག་བཤེར་དང་ཞུ་གཏུག་མ་བྱས་གོང་ཞིབ་དཔྱོད་ཀྱིས་སྲིད་འཛིན་ལས་ཁུངས་ལ་ཁྲིམས་ལྟར་ཕྱོགས་ཡོངས་ནས་འགན་འཁྲི་སྒྲུབ་པར་ལྟ་སྐུལ་བྱས་ནས་ན་སོ་དར་ལ་མ་བབས་པའི་མིར‘ཐ་མག་མེད་པའི’ཁོར་ཡུག་ཧུར་ཐག་གཏོད་པ་ནི། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་ཞིབ་ཕྲ་ཞིག་རེད” ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ཞིབ་དཔྱོད་ཀྱི་འགན་ནུས་གང་ལེགས་བཏོན་ནས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། མཉམ་ཤུགས་ཤིག་ཆགས་པར་བྱས་ནས་ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་སྲུང་སྐྱོང་བྱེད་པའི“སྣ་འདུས་ཐབས་བཟང”ཡག་པོ་སྤྱོད་པ་དང་། “ངས་དོ་དམ་བྱེད་པར”བརྟེན་ནས“ཚང་མས་དོ་དམ་བྱེད་པར”སྐུལ་འདེད་བཏང་སྟེ་ན་སོ་དར་ལ་མ་བབས་པའི་མིར་ཐ་མག་གཏན་འགོག་གི་འགོག་སྲུང་གྱང་ཞིག་སྐྲུན་གྱི་ཡིན་ཞེས་བཤད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།