དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས་བྱེ་ས་ནགས་ཚལ་དང་ཐང་རྒོད་སྔོ་ལྗང་ཅན་དུ་འགྱུར་བར་བྱས་པ།

    “ལྗང་མདོག་ཁྱམས་རིང”ལས་གྲོང་གསེབ་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་རྣམ་པ་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-03

    འདི་ག་ཚགས་པར་ཁང་གི་ལྷོ་ཁའི་བཅར་འདྲི་ཚོགས་ཆུང་གིས།

    སྟོན་དུས་སུ་ཡར་ཀླུང་གཙང་པོའི་ངོགས་གཉིས་གསེར་མདོག་ཅན་གྱི་ལྗོན་ཤིང་གིས་བརྒྱན་པ་དང་། གཙང་འགྲམ་ནས་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར“ལྗང་མདོག་ཁྱམས་རིང”བརྒྱུད་བྱ་འཕུར་བ་ལྟར་སྐྱོད་བཞིན་མཆིས།

    ཡར་ཀླུང་གཙང་པོའི“ལྗང་མདོག་ཁྱམས་རིང”ནི་ལྷོ་ཁ་གྲོང་ཁྱེར་གྱི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཚོན་ཚུལ་དངོས་རེད་ལ་ཟངས་རི་རྫོང་གིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་བཏང་བའི་མཚོན་ཚུལ་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་ཟངས་རི་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་ཀྱིས“སྐྱེ་ཁམས་ལ་བརྟེན་ནས་རྫོང་འཛུགས་སྐྱོང་བྱེད་པའི”འཐབ་ཇུས་ཀྱི་དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་ཏེ་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོང་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས་མཛེས་སྡུག་ལྡན་པའི་ཟངས་རིའི“ལྗང་མདོག་གི་རྣམ་པ”སྔར་བས་མཛེས་སྡུག་ལྡན་པར་འགྱུར་བར་བྱས་ཡོད།

    འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལྗང་མདོག་སྲུང་སྐྱོང་བྱས་པ།

    གསེར་མདོག་ཅན་གྱི་ཀུན་བདེ་གླིང་རྩྭ་ཐང་དང་། དབེན་འཇམ་གྱི་གཟི་བྱིན་བླ་མཚོ། དྲི་ཞིམ་གང་སར་འཐུལ་བའི་རྒུན་འབྲུམ། མིའི་ལུས་སེམས་གཉིས་ཀར་དྲོ་སྐྱིད་སྦྱིན་པའི་འོལ་ཁ་ཆུ་ཚན་སོགས་ཟངས་རི་རྫོང་གི་སྐྱེ་ཁམས་ཀྱི་མཛེས་སྡུག་དེ་སྟོན་དུས་སུ་ཕྱོགས་གང་ས་ནས་མངོན་གྱི་ཡོད།

    མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལོངས་སྤྱོད་བྱེད་སྐབས“ཁན་སྦྱར་དམར་པོ”གྱོན་པའི་སྐོར་སྲུང་བ་ཁག་གཅིག་གང་སར་མཐོང་རྒྱུ་ཡོད།

    འདི་ལོ་ལོ་44ལ་སླེབས་པའི་སྐལ་བཟང་ནོར་བུ་ནི་ཟངས་རི་གྲོང་རྡལ་ཞོལ་པ་སྡེ་ཁུལ་གྱི་མི་24ལས་གྲུབ་པའི“ཁན་སྦྱར་དམར་པོའི”གྲས་ཤིག་རེད། ཞོལ་པ་སྡེ་ཁུལ་གྱིས་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་མུའུ་4000གི་འགོག་སྲུང་ནགས་ཁུལ་གྱི་རྒྱུན་གཏན་སྐོར་གཡེང་ལས་འགན་ཁུར་ཡོད།

    “ང་ཚོས་ལས་རེས་སྐོར་གཡེང་བྱེད་ཐེངས་རེར་ཉིན་གཅིག་གི་དུས་ཚོད་སྤྱད་ནས་ནགས་ཁུལ་གྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དང་། ནད་འབུའི་གནོད་འཚེ་གྲལ་བཤེར། ལྕགས་དྲ་ཉམས་བཟོ། གད་སྙིགས་སྒྲུག་པ། ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་སོགས་ཀྱི་ལས་ཀའི་འགན་འཁུར་བ་དང་། སྐོར་སྲུང་གི་ཉིན་རེའི་ལས་རིམ་དང་ལས་ཀ་བྱེད་ཚུལ་ཚང་མ་རྩིས་ཐོར་གསལ་པོ་འགོད་དགོས” གླེང་མོལ་བྱེད་སྐབས་སྐལ་བཟང་ནོར་བུས་ལམ་བར་གྱི་སྐོར་སྲུང་གནས་ཚུལ་དང་པར་རིས་འཕྲལ་དུ་སྐད་འཕྲིན་ཚོགས་པ་བརྒྱུད་དེ་རིམ་ཁག་ནགས་དཔོན་ལ་སྙན་སེང་ཞུ་བ་དང་། གལ་ཏེ་གནས་ཚུལ་ཡོད་ཚེ་འབྲེལ་ཡོད་སྡེ་ཚན་དང་རིམ་ཁག་ནགས་དཔོན་གྱིས་འཕྲལ་མར་ས་གནས་ས་ཐོག་ཏུ་ཐག་གཅོད་བྱེད་པར་ཡོང་གི་ཡོད།

    ལྗང་མདོག་བསྲུངས་ནས་གྲོང་ཁྱེར་ལ་མཛེས་རྒྱན་སྤྲས་ཤིང་། ཉེ་བའི་ལོ་ཤས་རིང་ཟངས་རི་རྫོང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གནས་བབ་མངོན་གསལ་དོད་པོར་བཞག་ནས“ནགས་དཔོན་ལམ་ལུགས”ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་རྫོང་ཡོངས་ཀྱི་རིམ་གསུམ་ནགས་དཔོན་དང་དེ་བཞིན་འབྲེལ་ཡོད་ཁོངས་མི་ཚན་པའི་འགན་འཁྲིའི་ས་ཁོངས་དང་། ལས་ཀའི་འགན་འཁྲི། དམིགས་ཚད་ལས་འགན་བཅས་སྔར་བས་ཁ་གསལ་བཟོས་ཏེ་རྫོང་ཡོངས་སུ་རྫོང་རིམ་པའི་ནགས་དཔོན་36དང་། ཤང་རིམ་པའི་ནགས་དཔོན་8དང་ནགས་དཔོན་གཞོན་པ་37 གྲོང་ཚོ་རིམ་པའི་ནགས་དཔོན་43དང་ནགས་དཔོན་གཞོན་པ་207བཅས་བཀོད་སྒྲིག་བྱས་ཏེ“ནགས་དཔོན་ལམ་ལུགས”ལ་བརྟེན་ནས“ནགས་དཔོན་གྱིས་བཅོས་སྒྲིག”ཐུབ་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་མ་ཏན་ཏིག་ཐེབས་ཡོད།

    སྐྱེ་ཁམས་ཀྱི་རང་མདངས་ཆེ་རུ་བཏང་ནས་ལྗང་མདོག་གི་ཁྱིམ་གཞིས་བསྐྲུན་པ།

    ལོ་22ལྷག་ཙམ་གྱི་ནགས་སྲུང་ཉམས་མྱོང་ཡོད་པའི་ཚེ་རིང་རྣམ་རྒྱལ་ཡར་ཀླུང་གཙང་པོའི་ལྷོ་ངོགས་ཀྱི་རོང་ཤང་ཁྲུང་མདའ་གྲོང་ཚོར་སྡོད་ཀྱི་ཡོད། ཤིང་འཛུགས་ནགས་བཟོ་བྱེད་མཁན་སྔ་ཤོས་ནས་ཡར་ཀླུང་གཙང་པོའི་ནགས་སྲུང་བའི་བར་ཕ་ཡུལ་གྱི་སྟོན་ཉམས་སྐོར་གླེང་སྐབས་ཁོང་ལ་མྱོང་ཚོར་ཟབ་མོ་ཡོད།

    ལོ་མང་རིང་ཚེ་རིང་རྣམ་རྒྱལ་དང་གྲོང་མི་གཞན་དག་གིས་ཏང་དང་སྲིད་གཞུང་གི་འབོད་སྐུལ་འོག་བྱེ་འགོག་བྱེ་བཅོས་དང་ཤིང་འཛུགས་ནགས་བཟོར་ཧུར་ཐག་ཞུགས་ནས་ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཁུལ་ལས་ས་གནས་དེ་གར་བྱེ་རླུང་འཚུབ་པའི་གནམ་གཤིས་ལོ་རེ་བཞིན་ཉུང་དུ་ཕྱིན་པ་དང་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པའི་འགྱུར་ལྡོག་ལ་དཔང་པོ་བྱས་ཡོད།

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ནི་དམངས་འཚོའི་འདུ་འགོད་ཅིག་རེད་ལ་དམངས་སེམས་ཀྱི་འདུ་འགོད་ཅིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་ཟངས་རི་རྫོང་གིས་ཡར་ཀླུང་གཙང་པོའི་རྒྱུད་དུ་ཤིང་འཛུགས་ནགས་བཟོའི་ལས་དོན་ཏན་ཏིག་སྤེལ་ནས་ཡར་ཀླུང་གཙང་པོའི་མཐའ་འཁོར་དུ་ལག་བསྟར་བྱས་པའི་རྣམ་གྲངས་ཀྱི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི་13.9ཟིན་པའི་ནང་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི་1.9དང་། རི་རྒྱ་ནགས་གསོ་མུའུ་ཁྲི་0.8 བྱེ་འགོག་བྱེ་བཅོས་མུའུ་ཁྲི་11.2བཅས་ཟིན་པར་མིག་སྔར་མ་དངུལ་སྒོར་དུང་ཕྱུར་4.512བཏང་ཡོད།

    “རྫོང་ཡོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་འཛུགས་གཏོད་གཙོ་གནད་དུ་བྱས་ཏེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ལྷ་ལུང་གྲོང་ཚོ་དང་། ལོག་གྲོང་ཚོ། ཕོ་བྲང་གྲོང་ཚོ། མཐར་མ་གྲོང་ཚོ་སོགས་གྲོང་ཚོ(གྲོང་ལྷན)4འཛུགས་གཏོད་ལེགས་གྲུབ་བྱས་པ་དང་འབྲེལ་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཚོའི(གྲོང་ལྷན)སྒོ་བྱང་བཀལ་བའི་ཁར་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཤང་དང་གྲོང་རྡལ་4དང་གྲོང་ཚོ(གྲོང་ལྷན)35རེ་ཞུ་ལམ་ལྷོངས་བྱུང་བ་དང་འབྲེལ་གྲོང་ཁྱེར་རིམ་པའི་ཐོག་མའི་ཞིབ་དཔྱད་ཀྱང་ཐོབ་ཡོད་ཅེས་ལྷོ་ཁ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཟངས་རི་རྫོང་ཡན་ལག་ཅུས་ཀྱི་ཅུས་ཀྲང་ཐུབ་བསྟན་ནོར་བུས་ངོ་སྤྲོད་བྱས།

    སྐྱེ་ཁམས་མཛེས་སྡུག་ལྡན་པ་དང་མི་སེར་ཕྱུག་པོ་ཆགས་ནས་ཁོར་ཡུག་སྲུང་སྐྱོང་དང་འབབ་འཕར་གཉིས་ཀ་བྱུང་བ།

    ཉེ་བའི་ལོ་ཤས་རིང་། ཟངས་རི་རྫོང་གི་བྱེ་འགོག་བྱེ་བཅོས་དང་ཤིང་འཛུགས་ནགས་བཟོའི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་བསྟུན་གཙང་འགྲམ་གྱི་ས་ཆུ་ཤོར་བ་བཀག་འགོག་ནུས་ལྡན་ཐུབ་ནས་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ལེགས་སུ་ཕྱིན་པ་མ་ཟད། ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་ཐབས་ལམ་གསར་པ་ཞིག་ཀྱང་བཏོད་ཡོད།

    ཟངས་རི་གྲོང་རྡལ་ཁྲི་ཁང་གྲོང་ཚོས་2019ལོ་ནས་བཟུང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ཀུ་ཤུ་དང་ཁམ་བུ་སོགས་སྡོང་ཕྲུག་བཏབ་པ་བརྒྱུད་དཔལ་འབྱོར་ནགས་རའི་ཐོན་ལས་མུའུ་700གྲུབ་པ་དང་འབྲེལ་སྤྲོ་གསེང་གླིང་ཁ་ཞིག་གཉེར་བ་རེད། “སྐྱེ་ཁམས་བཟང་པོ་ཡོད་པ་ལས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་གདེང་ཚོད་ཡོད་པ་མ་ཟད། ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད”ཅེས་ཁྲི་ཁང་གྲོང་ཚོའི་གྲོང་ཚོའི་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་རིང་ཟླ་བས་དགའ་སྤྲོའི་ངང་བཤད།

    ཚེ་རིང་ཟླ་བས་ངོ་སྤྲོད་བྱས་པར། ལོ་ལྟར་ཀུ་ཤུ་དང་ཁམ་བུར་ཐོན་འབབ་བྱུང་རྗེས་མཉམ་ལས་ཁང་གིས་གྲོང་ཚོ་དེ་གའི་དུད་ཚང་21གི་དབུལ་སྒྲོལ་མང་ཚོགས་ལ་ཐད་ཀར་རྒྱ་མ་400སྤྲད་པ་དང་། བཙོངས་པའི་ཡོང་འབབ་མི་སྒེར་ལ་བགོ་འགྲེམས་རྒྱག་པ་དང་དུས་མཚུངས་ལས་ཀའི་ཉིན་གྲངས་ལྟར་ཉིན་རེར་གླ་ཆ་སྒོར་180སྤྲོད་ཀྱི་ཡོད། 2022ལོར་ཁྲི་ཁང་གྲོང་ཚོའི་དུད་ཚང་174ཡི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.7ཟིན་ཡོད།

    འདི་ལོ་ནས་བཟུང་རྫོང་ཡོངས་ཀྱིས་ཞིང་འབྲོག་པ་མི་ཐེངས་3322ལས་མིར་བསྡུས་ནས་ཞིང་འབྲོག་པའི་ངལ་ནུས་ཡོང་འབབ་སྒོར་ཁྲི་401.77ཟིན་ཡོད། དེ་དང་ཆབས་ཅིག་ཟངས་རི་རྫོང་གིས་སྐྱེ་ཁམས་ཁ་གསབ་ལམ་སྲོལ་དོན་འཁྱོལ་གཙོ་གནད་དུ་བྱས་ཏེ་ཁ་གསབ་མ་དངུལ་སྒོར་ཁྲི་200ལྷག་ཙམ་སྤྲད་པ་དང་རྩྭ་ཐང་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི་713.07དོན་འཁྱོལ་བྱས་པ་རེད།

    ཟངས་རི་རྫོང་ཨུད་ཀྱི་ཧྲུའུ་ཅི་སུན་ཧྲོའུ་དབྱིང་གིས། ཟངས་རི་རྫོང་གིས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་ལ་སྤྱི་འདོམས་ཡག་པོ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་དམངས་ཡོངས་ཀྱི་བྱ་སྤྱོད་མ་ལག་ཧུར་ཐག་བཏོད་དེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྲོད་མི་དམངས་མང་ཚོགས་ལ་ཕན་པ་དངོས་ཐོབ་པར་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་ཕྱིར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།