དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གིས་ཡུལ་སྐོར་ལས་རིགས་དེ“སྒོ་འཛིན་དཔལ་འབྱོར”ནས“ཐོན་ལས་དཔལ་འབྱོར”ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ།

    མཛེས་སྡུག་ལྡན་པའི་མཐའ་མཚམས་གྲོང་ཁྱེར་གྱིས་སྐུ་མགྲོན་བསུ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-23

    ལེ་ཚན་གཏོད་པའི་གཏམ།

    དེ་རིང་ནས་བཟུང་འདི་ག་ཚགས་པར་གྱིས“དཔལ་འབྱོར་གྱི་དུས་བབ་དང་སྲིད་ཇུས་ལ་དོ་ཁུར་བྱེད”ཅེས་པའི་ལེ་ཚན་བཏོད་དེ་དེང་སྐབས་དཔལ་འབྱོར་ལས་དོན་ཡག་པོ་སྤེལ་རྒྱུའི་སྐོར་གྱི་ཚན་རིག་དང་མཐུན་པའི་བཀོད་སྒྲིག་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་ནས་རང་ལྗོངས་ཀྱི་དཔལ་འབྱོར་སླར་གསོ་དང་ལེགས་སུ་འགྲོ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་བཀྲག་མདངས་འཚེར་སའི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཏེ་ཁེ་ལས་ཀྱིས་དཀའ་ངལ་ཁྱད་བསད་དང་ཞིང་འབྲོག་པར་འབབ་འཕར་བརྟན་པོ་ཡོང་བའི་གསོན་ཉམས་དོད་པའི་དཔེ་མཚོན་སྔོག་འདོན་གཏིང་ཟབ་བྱ་རྒྱུ་ཡིན་པས་དོ་ཁུར་ཡོད་པ་ཞུ།

    ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་སྟག་མོ་ལྷོ་པ་མི་རིགས་ཤང་གུང་རི་གྲོང་ཚོས་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ནས་གཞི་རིམ་གྱི་ཏང་འཛུགས་སྐྱོང་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་བཏང་སྟེ་དེ་བས་ཞབས་ཞུ་སྤུས་ལེགས་དང་དེ་བས་སེམས་ཁུར་ཟབ་མོར་བརྟེན་ནས་ཡུལ་སྐོར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་རྒྱུན་མཐུད་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་བས་མང་ཚོགས་ཀྱི་རྒྱུན་མཐུད་འབབ་འཕར་ལ་རམ་འདེགས་ཐུབ་པ་རེད།

    དེ་ནི་མེ་ཏོག་རྫོང་གིས་ཡུལ་སྐོར་ཁོར་ཡུག་ལེགས་སུ་གཏོང་བར་སྐུལ་འདེད་བཏང་བའི་མཚོན་ཚུལ་ཞིག་རེད། ཉེ་བའི་ལོ་ཤས་རིང་། མེ་ཏོག་རྫོང་གིས“མཛེས་སྡུག་ལྡན་པའི་མཐའ་མཚམས་གྲོང་ཁྱེར། སྦས་ཡུལ་མེ་ཏོག”གི་མིང་བྱང་གཏོད་རྒྱུར་གཞི་ཚུགས་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་འགྱུར་ལྡོག་ཧུར་ཐག་བཏང་སྟེ་རྨང་བརྟན་དང་། བཟའ་བཏུང་། ཁྱིམ་ཚང་མགྲོན་ཁང་། འགྲོ་སྐྱོད། ཞབས་ཞུ། ཟོག་ཉོ། འོས་སྦྱོར། མཉམ་འདྲེས་སོགས་ཀྱི“ལས་དོན་ཁག་བརྒྱད”ལ་བསམ་གཞིག་བྱས་ནས་ཡུལ་སྐོར་ཐོན་ལས་དེ“སྒོ་འཛིན་དཔལ་འབྱོར”ནས“ཐོན་ལས་དཔལ་འབྱོར”ལ་བསྒྱུར་བར་འཚོལ་ཞིབ་དང་སྐུལ་འདེད་བཏང་ཡོད།

    འདི་ལོའི་ཟླ་3ཚེས་16ཉིན་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་དངོས་སུ་མེད་པར་བཟོས་པ་ནས་བཟུང་མེ་ཏོག་རྫོང་གི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ཡུལ་སྐོར་བ་མི་ཐེངས་ཁྲི་38.24ལ་སྣེ་ལེན་ཞུས་པ་དེ་ན་ནིང་གི་དུས་མཚུངས་ལས་181.59%འཕར་བ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་2.48ཟིན་ནས་ན་ནིང་གི་དུས་མཚུངས་ལས་351.7%འཕར་བ། དེའི་ནང་ཞིང་འབྲོག་མང་ཚོགས་ཡུལ་སྐོར་ཞབས་ཞུར་ཞུགས་པའི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་1551.04ཟིན་ནས་ན་ནིང་གི་དུས་མཚུངས་ལས་188.97%འཕར་བ་རེད།

    ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རིང་མེ་ཏོག་རྫོང་གིས་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་མཐའ་འཁྱོངས་བྱས་ནས་སྤོ་བོ་རྫོང་དང་མེ་ཏོག་བར་གྱི་གཞུང་ལམ་ལམ་རྒྱུད་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། སྒོར་སྒོར་ཐང་ལམ་གྱི་གུག་ཆ་ཆེན་པོའི་མཛེས་ལྗོངས་ཁུལ་དང་། ཡུལ་སྐོར་བའི་བསྡུ་འགྲེམས་ལྟེ་གནས། རིན་ཆེན་སྤུངས་ཡུག་ཁུལ་སྒྱུར་བཀོད་རིམ་སྤོར་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དགའ་པོ་སྐྱིད་རི་མཐོའི་མཚེའུ་དང་དགའ་ལུང་ལའི་བླ་མཚོ་སོགས་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཇུས་འགོད་ཧུར་ཐག་བཅས་བྱེད་བཞིན་ཡོད་པ་རེད། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་སྤ་སྟེང་རྩེ་གྲོང་ཚོ་དང་། མེ་ཏོག་གྲོང་ཚོ། དགྱེ་གླིང་གྲོང་ཚོ། བདེ་ཞིང་གྲོང་ཚོ་སོགས་དམངས་སྲོལ་གོམས་འདྲིས་གྲོང་ཚོ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཆུ་ཚན་ཁྱིམ་ཚང་མགྲོན་ཁང་དང་། དམངས་སྲོལ་ཁྱིམ་ཚང་མགྲོན་ཁང་། སྤྲིན་མཚོ་ཁྱིམ་ཚང་མགྲོན་ཁང་། ཇ་ཁང་ཁྱིམ་ཚང་མགྲོན་ཁང་བཅས་ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་སྐྲུན་པ་དང“མོན་པའི་སྒོ་ར་ཆུང་ཆུང”སོགས་རང་སྐྱོང་ལྗོངས་རིམ་པའི་ཡུལ་སྐོར་ཁྱིམ་ཚང་མགྲོན་ཁང་དང་དེ་བཞིན་དགྱེ་གླིང་གྲོང་ཚོ་དང་བདེ་ཞིང་གྲོང་ཚོ་སོགས་རང་སྐྱོང་ལྗོངས་རིམ་པའི་མཐའ་མཚམས་གྲོང་གསེབ་ཡུལ་སྐོར་གྱི་ཁྱད་ལྡན་གྲོང་ཚོ་ཁག་གཅིག་བསྐྲུན་ཡོད།

    ཉོ་སྒྲུབ་ཐད་མེ་ཏོག་རྫོང་གིས་ཁྲོམ་རའི་ཁྲིད་སྟོན་མཐའ་འཁྱོངས་བྱས་ནས་ཡུལ་སྐོར་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་དང་ད་ཡོད་ཀྱི་རྡོ་ཁོག་དང་། ཇ་ལོ། ཤིང་ནག་ཐུར་མ། སྨྱུག་བསླས་བཟོ་རྩལ་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་ཚོང་ཁང་བཙུགས་པ་མ་ཟད། གནས་མཆོག་པད་མའི་སྤྱི་གླིང་སོགས་མི་ཚོགས་ཆེ་བའི་ཁུལ་དུ“སྤུས་དག་མེ་ཏོག”དང“མེ་ཏོག་གི་འགྲེམས་ཚོང”ཞེས་པའི་ཐོན་རྫས་འགྲེམས་ཚོང་བྱེད་སྒོ་སྤེལ་ནས་ཡུལ་སྐོར་བས་སྣ་མང་ཅན་གྱི་ཉོ་སྒྲུབ་དགོས་མཁོ་བསྐངས་ཏེ་མེ་ཏོག་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྱི་སྐད་གྲགས་སྔར་བས་ཆེ་རུ་བཏང་བ་རེད།

    གཞན་ཡང་མེ་ཏོག་རྫོང་གིས་གནད་སྨིན་ཚོང་གཉེར་མཐའ་འཁྱོངས་བྱས་ནས་པེ་ཅིང་དང་། ཧྲང་ཧའེ། ཧྲེན་ཀྲེན། ལྷ་ས་སོགས་ལྗོངས་ཕྱི་ནང་གི་གྲོང་ཁྱེར་དུ་རྣམ་པ་སྣ་ཚོགས་ཀྱི་མེ་ཏོག་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་འཚོགས་པ་རེད། སྐད་འཕྲིན་དང་ཁྱུག་དབྱིངས་སོགས་ཀྱི་ལས་སྟེགས་སྤྱད་དེ་མེ་ཏོག་ཡུལ་སྐོར་དྲིལ་བསྒྲགས་བྱས་པས“མཛེས་སྡུག་ལྡན་པའི་མཐའ་མཚམས་གྲོང་ཁྱེར·སྦས་ཡུལ་མེ་ཏོག”གི་སྤུས་རྟགས་སྐད་གྲགས་ཆོད་ཚད་སྔར་བས་ཆེ་རུ་ཕྱིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།