དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • དྲི་ཞིམ་སྤོས་ལས་འབབ་འཕར་བྱུང་། འབྲོག་ལས་ཡུལ་སྐོར་གྲོང་གསེབ་དར།

    —— ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་བཏང་བར་ལྟ་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-22

    འདི་ག་ཚགས་པར་གྱི་ལྷོ་ཁའི་བཅར་འདྲི་ཚོགས་ཆུང་གིས།

    ཐོག་མཐའ་བར་གསུམ་དུ་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཐོན་ཁུངས་ཀྱི་ལེགས་ཆ་དང་ས་བབ་ཀྱི་ལེགས་ཆར་བརྟེན་ནས་ལས་དོན་དངོས་དང་ཟུང་འབྲེལ་གྱིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ས་གནས་དེ་གའི་མི་སེར་རང་ཡུལ་དང་མི་འབྲལ་བར་ལས་ཞུགས་ཐུབ་ནས་ཐུན་མོང་འབྱོར་ཕྱུག་མངོན་འགྱུར་བྱུང་བ་རེད།

    བོད་སྨན་ཐོན་ལས།

    ཁྲོམ་རའི་ངེས་གནས་ལ་དམིགས་ཏེ་ཐོན་ལས་ཀྱི་གཞི་ཁྱོན་རྒྱ་ཆེར་བཏང་བ།

    ལྷོ་ཁའི་བདེ་ནོར་ཞིང་ནགས་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སི་ནི་བོད་སྨན་གྱི་སྨན་རྒྱུ་འདེབས་པ་དང་། ལས་སྣོན། འཚོང་བ། དེ་བཞིན་བོད་སྨན་ཐོན་རྫས་གཞི་གཅིག་ཅན་གྱི་དམངས་གཉེར་ཁེ་ལས་ཤིག་རེད།

    འདི་ལོ་ལོ་40ལ་སླེབས་ཙམ་གྱི་བློ་བཟང་སྦྱིན་པ་ནི་ཀུང་སི་དེའི་གསར་གཏོད་པ་རེད། “བོད་སྨན་གྱི་སྨན་རྒྱུ་འདེབས་པ་ནི་ཁོར་ཡུག་སྲུང་སྐྱོང་དང་འབབ་འཕར་གྱི་ལམ་བཟང་ཞིག་རེད”རང་ཉིད་ཀྱི་ཆེད་ལས་ཤེས་བྱར་བཅངས་པའི་དགའ་ཞེན་དང་དེ་བཞིན་བོད་སྨན་ཐོན་ལས་ལ་བཅངས་པའི་ཡིད་ཆེས་ལས་2013ལོར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེ་མོ་ནས་ཐོན་རྗེས་བློ་བཟང་སྦྱིན་པ་ཕ་ཡུལ་ཆུ་གསུམ་རྫོང་དུ་ལོག་སྟེ་ལྷོ་ཁའི་བདེ་ནོར་ཞིང་ནགས་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་ནས“སྲོལ་རྒྱུན་གྱི་འདེབས་འཛུགས་འདུ་ཤེས་མེད་པར་བཟོ་བ་དང་། ཐོན་ལས་གྲུབ་ཆ་ལེགས་སྒྲིག ཡུལ་ཕྱོགས་གཅིག་གི་མི་སེར་ཕྱུག་འགྱུར་ལ་སྣེ་ཁྲིད”བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བཏོན་ནས་རང་ཉིད་ཀྱིས་སྦྱངས་པའི་ཆེད་ལས་ལ་བརྟེན་ནས་ས་གནས་དེ་གའི་མི་སེར་གྱི་སྣེ་ཁྲིད་དེ་བོད་སྨན་སྨན་རྒྱུ་འདེབས་པའི་འཆར་གཞི་བཀོད་པ་རེད།

    བློ་བཟང་སྦྱིན་པས་ངོ་སྤྲོད་བྱས་པར་གཞིགས་ན། འཕེལ་རྒྱས་ལོ་བཅུ་བཏང་བ་བརྒྱུད་ཀུང་སིས་ཚན་རིག་དང་མཐུན་པའི་འདེབས་འཛུགས་ལག་རྩལ་དང་དེང་རབས་ཅན་གྱི་ལས་སྣོན་སྒྲིག་ཆས་དང་དོ་དམ་བྱེད་ཐབས་སྤྱད་དེ་ས་ཁུལ་དེ་གར་འདེབས་འཛུགས་ལ་འཚམ་པའི་སོན་བཟང་ནང་འདྲེན་བྱས་པས་ད་ཆ་ལྕམ་པ་དང་། འུ་སུ། གུར་གུམ། རུ་རྟ་སོགས་སྨན་རྒྱུ་སྣ་ཁ་16གྲུབ་འབྲས་ཐོབ་པའི་ངང་བཏབ་པ་མ་ཟད། འདེབས་འཛུགས་རྒྱ་ཁྱོན་མུའུ་1000ཟིན་པ་དང་འབྲེལ“འབའ་སམ་སྨན་མར”དང“བྲ་བོའི་སྔས་མགོ”སོགས་ཀྱི་ཐོན་རྫས་ཁྲོམ་རར་བཏོན་པ་རེད།

    ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་བཏང་བ་ལས་ས་གནས་དེ་གའི་མང་ཚོགས་ལ་ཕན་པ་ཐོབ་ཡོད། “ཐོན་རྫས་དེ་དག་ཐོན་སྐྱེད་དང་ཕྱིར་ཚོང་བྱས་པས་གྲོང་མིར་ལས་ཞུགས་ལས་གནས་དེ་བས་མང་བ་རག་སྟེ་ཁོང་ཚོ་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་དུས་མཚུངས་ལོ་ལྟར་གྲོང་མིར་འདེབས་འཛུགས་ལག་རྩལ་གསོ་སྦྱོང་བྱས་པས་ཁོང་ཚོ་སྨན་རྒྱུ་འདེབས་འཛུགས་མཁས་པར་གྱུར་ཡོད”ཅེས་བློ་བཟང་སྦྱིན་པས་བཤད།

    མིག་སྔར་ཀུང་སི་དེའི་རྒྱུ་ནོར་བསྡོམས་འབོར་སྒོར་ཁྲི་2600ལྷག་ཙམ་ཟིན་པ་དང་། 2022ལོར་གླ་ཕོགས་སྒོར་ཁྲི་83སྤྲད་པ། ས་ཞིང་ནང་བཤུག་ལ་བརྟེན་ནས་དུད་ཚང་199ལ་ཁེ་སྤོགས་སྒོར་900རེ་བགོས་པ་རེད།

    སྤོས་ཐོན་ལས།

    རིག་གནས་ཀྱི་ལེགས་ཆར་བརྟེན་ནས་ཁྱད་ལྡན་ཐོན་ལས་བཏོད་པ།

    ཆུ་གསུམ་རྫོང་ལྷ་རྒྱ་རི(ཚུལ་ཁྲིམས)སྤོས་བཟོའི་ལག་རྩལ་མཉམ་ལས་ཁང་ནས་གསར་འགོད་པར་མཉམ་ལས་ཁང་གི་ཅིང་ལི་བསྟན་འཛིན་ནོར་བུ་འཕྲད་བྱུང་། 2016ལོར་སློབ་ཆེན་ཐོན་མ་ཐག་པའི་ཁོང་ཕ་ཡུལ་དུ་ལོག་ནས་མཉམ་ལས་ཁང་དུ་ལས་ཀ་བྱས་པ་དང་འབྲེལ་སྤོས་ཀྱི་ལས་རིགས་དེར་ཧ་ཅང་དགའ་ཞེན་སྐྱེས།

    2011ལོར་ཚུལ་ཁྲིམས་སྤོས་ཀྱི་རྒྱུན་འཛིན་པ་མི་རབས་བཞི་པ་འཆི་མེད་ཚེ་རིང་གིས་ལྷ་རྒྱ་རི(ཚུལ་ཁྲིམས)སྤོས་བཟོ་རྩལ་མཉམ་ལས་ཁང་བཙུགས་ནས་སྲོལ་རྒྱུན་གྱི་སྤོས་ཞིབ་འཇུག་གསར་སྤེལ་ལས་ལ་གཞོལ།

    བསྟན་འཛིན་ནོར་བུས་གསར་འགོད་པ་དང་བཅས་པའི་སྣེ་ཁྲིད་དེ་སྤོས་བཟོ་ཁང་ལ་ལྟ་སྐོར་བྱས། བཟོ་ཁང་ཡོངས་གཙང་སྦྲ་དོད་ལ་གྲལ་འགྲིག་པ་དང་བཟོ་པ་ཚོས་སྐམ་ཟིན་པའི་སྤོས་གོ་རིམ་ལྡན་པའི་ངང་བསྡམས་ནས་ཆག་པ་དང་ཐུམ་རྒྱག་བཞིན་མཆིས། ཞིབ་འཐག་དང་། སྡེབ་སྒྲིག བཟོ་ལྟ་བཟོ་བ། ཉི་སྐམ་གཏོང་བ་བཅས་ནས་མཐའ་མའི་ཐུམ་སྒྲིལ་རྒྱག་པའི་བར། རྙོག་འཛིང་ཆེ་ལ་ཐུན་མོང་མ་ཡིན་པའི་སྤོས་བཟོའི་བརྒྱུད་རིམ་ཆ་ཚང་གསར་འགོད་པས་གསལ་པོར་མཐོང་བྱུང་།

    བསྟན་འཛིན་ནོར་བུས་གསར་འགོད་པར“དེའི་ཁྲོད་ནས་ཆེས་འགག་རྩ་ནི་དྲི་ཞིམ་རྫས་ཆ་སྣ་ཚོགས་སྡེབ་སྦྱོར་བྱ་རྒྱུ་དེ་རེད། དེ་ཐོག་ནས་ཚུལ་ཁྲིམས་སྤོས་ལ་སྤོས་གཞན་གང་རུང་ཞིག་དང་མི་འདྲ་བའི་ལེགས་ཆ་དང་དྲི་ཞིམ་ལྡན་ཡོད”ཅེས་བཤད།

    ངོ་སྤྲོད་བྱས་པར་གཞིགས་ན། འཆི་མེད་ཚེ་རིང་གིས་སྲོལ་རྒྱུན་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་གསར་འབྱེད་གསར་གཏོད་བྱས་ཡོད། སྦྱོར་རྟའི་བསྡུར་ཚད་དང་། སྦྱོར་རྟའི་གྲུབ་ཆ། རང་བྱུང་རྒྱུ་ཆ་ལག་པས་བཟོ་བ། སྤོས་ཀྱི་ཐོན་རྫས་དང་རིགས་སོགས་ཕུན་སུམ་ཚོགས་སུ་དང་རྒྱ་སྐྱེད་བཏང་ཡོད། སྲོལ་རྒྱུན་གྱི་བཟོ་རྩལ་དང་དེང་རབས་ཀྱི་ཚན་རྩལ་ཟུང་འབྲེལ་བྱས་ཏེ་སྤོས་ཀྱི་ཐོན་རྫས་སྣ་ཚོགས་ཞིབ་འཇུག་གསར་སྤེལ་བྱས་པས་ས་གནས་དེ་གའི་མང་ཚོགས་དང་ཡུལ་སྐོར་བའི་དགའ་བསུ་ཐོབ་ཡོད།

    ད་ཆ་མཉམ་ལས་ཁང་གི་ལོ་རེའི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་700ལྷག་ཙམ་ཟིན་ནས་ས་གནས་དེ་གའི་མང་ཚོགས་16ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་རེད།

    མཐོ་གྲང་འབྲོག་ལས།

    ས་བབ་ཀྱི་ལེགས་ཆར་བརྟེན་ནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    ཆུ་གསུམ་རྫོང་ཆུ་མདོ་རྒྱང་ཤང་ནི་ས་མ་འབྲོག་གི་གྲོང་ཚོ་ཞིག་ཡིན་ཞིང་། དེར་རྩྭ་ཐང་གི་ཐོན་ཁུངས་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས། དམངས་སྲོལ་རིག་གནས་ཀྱི་ཐོན་ཁུངས་བཅས་ཕུན་སུམ་ཚོགས་པོ་ཡོད།

    དུས་རབས་གསར་པའི་ཞིང་འབྲོག་ལས་གཞན་སྒྱུར་འཕེལ་རྒྱས་དང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་མུ་མཐུད་སྐུལ་འདེད་ཇི་ལྟར་གཏོང་རྒྱུ་ནི་ས་གནས་དེ་གའི་སྲིད་གཞུང་གི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེ་ཞིག་རེད།

    དེར་བརྟེན་ཆུ་མདོ་རྒྱང་ཤང་གིས“ལྷོ་རྒྱུད་རྩྭ་ཐང་གི་འབྲོག་ལས་ཡུལ་སྲོལ་གོམས་གཤིས་འཕེལ་རྒྱས་ཁུལ་བསྐྲུན་ནས་འབྲོག་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ངེས་གནས་ལ་དམིགས་ཏེ་རྨ་རོ་གྲོང་ཚོའི་གསོ་ཚགས་ཐོན་ལས་ཀྱི་དོན་དངོས་ལ་གཞིགས་ནས་གྲོང་ཚོའི་མཉམ་སྡེབ་ཀྱིས་སྣེ་ཁྲིད་དང་། ཐོན་ལས་རྟེན་གཞིས་དཔེ་སྟོན། མང་ཚོགས་མ་རྐང་ནང་ཞུགས་པ། མཉམ་ལས་ཁང་གིས་གཉེར་སྐྱོང་བཅས་ཀྱི་གསོ་ཚགས་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་ནས་ཆུ་མདོ་རྒྱང་ཤང་གི་འབྲོག་ལས་སྒྱུར་བཅོས་ཀྱི་གོམ་པ་དང་པོ་སྤོས།

    “མ་རྐང་ནང་ཞུགས་པའི་བྱ་ཐབས་ཁྲོད་མ་དངུལ་མ་རྐང་ནང་ཞུགས་པ་དང་རྩྭ་ཐང་རྒྱུན་འཁོར་མ་རྐང་ནང་ཞུགས་པ་ཚུད་ཡོད”རྨ་རོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྡོ་རྗེ་རྒྱལ་མཚན་གྱིས“དང་ཐོག་མ་རྐང་ནང་ཞུགས་སྐབས་ཚང་མས་མ་རྐང་ནང་ཞུགས་ཚེ་ཉེན་ཁ་ཡོད་པས་དེ་ལས་རང་ཉིད་ཀྱིས་ཕྱུགས་རིགས་འཚོས་ཚེ་བློ་དེ་བས་བདེ་བ་ཡོང་སྙམ་གྱི་ཡོད། ང་ཚོ་གྲོང་ཚོའི‘ཨུ་ལྷན་གཉིས’ཚན་ཁག་གི་ཁོངས་མིས་ཁྱིམ་དུད་རེ་རེ་བྱས་ཏེ་སྐུལ་སློང་དང་ཁྲིད་སྟོན་བྱས་པ་མ་ཟད། སྣེ་ཁྲིད་དེ་མ་རྐང་ནང་ཞུགས་ཡོད”ཅེས་གསར་འགོད་པར་བཤད།

    གསོ་ཚགས་གཞི་ཁྱོན་ཅན་དུ་འགྱུར་ཆེད། རྨ་རོ་གྲོང་ཚོའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གིས་ས་གནས་དེ་གའི་མང་ཚོགས་ཀྱི་ལུག་2115ཉོས་ནས་གཅིག་གྱུར་ཐོག་གྲོང་ཚོའི་མཉམ་སྡེབ་རྩྭ་རར་གསོ་ཚགས་བྱས་པ་མ་ཟད། དུས་ཐུང་རྒྱགས་གསོའི་རྟེན་གཞི་བཙུགས་ནས་དེང་རབས་ལུག་རྒྱགས་གསོའི་ལྷས་ར་4སྒྲིག་སྦྱོར་བྱས་པར་ཐེངས་རེར་ལུག་500གཅིག་སྡུད་རྒྱགས་གསོ་ཐུབ་ཀྱི་ཡོད།

    ཕྱིར་ཚོང་བྱེད་སྟངས་ཐད་ཆུ་མདོ་རྒྱང་ཤང་དུ་སྲོལ་རྒྱུན་གྱི་སིལ་ཚོང་བྱེད་སྟངས་ནས་དྲ་རྒྱའི་སྨྱན་སྦྱོར་ཚན་པའི་ཚོང་གཉེར་བྱེད་སྟངས་སུ་བསྒྱུར་བ་དང་ཨེ་ཆུ་མདོ་རྒྱང་ཞེས་པའི་སྐད་འཕྲིན་ཚོང་ཁང་ཆུང་ངུ་ཞིག་བཙུགས་ཏེ་སྐད་འཕྲིན་ལས་སྟེགས་སུ་ཆུ་མདོ་རྒྱང་ཤང་གི་ཞིང་འབྲོག་ཐོན་རྫས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ཏེ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་200ལྷག་ཙམ་སྐད་འཕྲིན་ཚོང་ཁང་ཆུང་ངུར་ཞུགས་རྒྱུའི་སྐུལ་སློང་བྱས་པ་རེད།

    2022ལོར་རྨ་རོ་གྲོང་ཚོའི་དུད་ཚང་50ཡི་མང་ཚོགས་ཀྱིས་དུད་ཚང་རེར་སྒོར་5000ཡི་ཚད་གཞི་ལྟར་དངུལ་སྨར་མ་རྐང་ནང་ཞུགས་པས་མ་རྐང་ནང་ཞུགས་མཁན་ལ་ཁེ་བཟང་སྒོར་ཁྲི་5རག་པ་དང་། མང་ཚོགས་235ཡིས་མི་རེས་རྩྭ་ར་མུའུ་124.2ནང་བཤུག་བྱས་ནས་མ་རྐང་ནང་ཞུགས་ཏེ། ཁྱོན་བསྡོམས་རྩྭ་ར་མུའུ་29187ནུང་བཤུག་བཏང་པས་དུད་ཚང་རེར་འབབ་འཕར་སྒོར་1700བྱུང་ཡོད། “དྲ་ཐོག་ནས་མངགས་ཉོ་དང་དྲ་ཕྱི་ནས་སྡེབ་སྐྱེལ”གྱི་བྱེད་ཐབས་བརྒྱུད་འབྲི་གཡག་80ལྷག་ཙམ་དང་། ལུག་600ལྷག་ཙམ། མར་དང་ཕྱུར་ར་སོགས་རྒྱ་མ་300ལྷག་ཙམ་བཙོངས་ནས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་180ལྷག་ཙམ་བྱུང་ཡོད།

    གཞན་ཡང་། ཆུ་མདོ་རྒྱང་ཤང་གིས་ད་དུང་ཨེ་ཆུ་མདོ་རྒྱང་གི་འབྲོག་པའི་འཚོ་བ་ཉམས་ལེན་ཁང་བསྐྲུན་ནས་རྨ་རོ་གྲོང་ཚོའི་པང་ཁའི་འབྲོག་རའི་ཉམས་ལེན་གྱི་བྱེད་སྒོ་སྤེལ་ནས་ཡུལ་སྐོར་བར་སྦྲ་ནག་ཏུ་སྡོད་པ་དང་། ཞོ་དཀྲོག་པ་དང་ཕྱུར་བ་བཟོ་བའི་འབྲོག་ཁུལ་གྱི་འཚོ་བ་དང་སྒོར་གཞས་འཁྲབ་པ་སོགས་བོད་རིགས་ས་ཁུལ་གྱི་ཁྱད་ལྡན་རིག་གནས་ཉམས་སུ་ལེན་དུ་བཅུག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།