བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་འདམ་ར་སྲུང་སྐྱོང་དང་སྐྱེ་ཁམས་ཉམས་གསོར་རྒྱུན་མཐུད་སྐུལ་འདེད་བཏང་བ།
ཡར་ཉང་འདམ་ར་ཡག་པོ་བསྲུངས། ས་མཐོའི་ཡུལ་ལྗོངས་ལྷག་པར་མཛེས།
མྱུར་བགྲོད་གཞུང་ལམ་བརྒྱུད་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་ནས་ཐོན་ཏེ་ཆུ་ཚོད་གཅིག་ཀྱང་མ་སོང་བར་ཡར་ཀླུང་གཙང་པོའི་ཡན་ལག་ཆུ་བོ་ཉང་ཆུའི་འབྲེལ་མཚམས་ཀྱི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་སླེབས་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་སྲུང་སྐྱོང་དང་། ཉམས་གསོ། ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱེད་ཐབས་བརྒྱུད་ཡར་ཉང་འདམ་རའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་ནས། ཉིང་ཁྲིའི་ཡུལ་སྐོར་ལྟ་སྐོར་དང་སྐྱེ་ཁམས་འཛུགས་སྐྲུན་གྱི་མིང་བྱང་ཞིག་ཏུ་གྱུར་ཡོད།
སྐྱེ་ཁམས་ཀྱི་བྱེད་ནུས་སྲུང་སྐྱོང་བྱས་ནས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ།
ཞོགས་པའི་ཆུ་ཚོད་བརྒྱད་པར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤང་སྣེ་གྲོང་ཚོའི་གྲོང་མི་ཕུར་བུ་རྡོ་རྗེ་ནགས་རར་བསྐྱོད་ནས་ཤིང་སྡོང་རེ་རེ་བཞིན་ལ་ཞིབ་ལྟ་བྱས་ཤིང་། “འདི་གར་རིགས་མི་འདྲ་བའི་རྩ་ཆེའི་ལྗོན་ཤིང་མང་པོ་སྐྱེས་ཡོད། ང་ཚོའི་ལས་ཀ་གཙོ་བོ་ཞིག་ནི་ཤིང་ལ་ནད་འབུའི་གནོད་པ་ཡོད་མེད་ལ་ལྟ་དགོས”ཞེས་བཤད།
ཕུར་བུ་རྡོ་རྗེ་ནི་ཡར་ཉང་འདམ་རའི་བདག་སྐྱོང་བ་45ཡི་གྲས་ཤིག་ཡིན་ཞིང་། ས་སྐྱེས་རྡོ་སྐྱེས་ཀྱི་སྤང་སྣེའི་གྲོང་མི་ཕུར་བུ་རྡོ་རྗེས་ས་ཆ་དེར་བརྩེ་བ་ཟབ་མོ་བཅངས་ཡོད། ཁོང་ཆུང་དུས་སུ་དེ་གར་ནི་མཐོང་སྣང་དེ་ཙམ་མེད་པའི་གྲམ་ཐང་ཞིག་ཡིན་པ་དང་2009ལོར་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་འཛུགས་སྐྲུན་ཚོད་ལྟ་བྱེད་འགོ་ཚུགས་པ་དང་དེ་སྔའི་བྱེ་ར་སྒོ་བརྒྱབ་ནས་གྲམ་ཐང་དུ་སྔོ་ལྗང་ལྗོན་ཤིང་འདེབས་འགོ་ཚུགས། “ལོ་བཅུ་གྲངས་རིང་གི་འགྱུར་ལྡོག་ནི་ལས་སླ་པོར་བྱུང་བ་ཞིག་མིན་པས་ང་ཚོས་འདི་གར་དེ་བས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་ཕུར་བུ་རྡོ་རྗེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།
སྤང་སྣེ་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་དང་བླངས་པ་ཕུར་བུ་རྡོ་རྗེས་རྒྱུན་དུ་ཡུལ་མི་ཚོར་འདམ་ར་སྲུང་སྐྱོང་གི་དོན་སྙིང་ཁྱབ་གདལ་གཏོང་གི་ཡོད། ས་གནས་དེ་གའི་འདམ་ར་དོ་དམ་སྡེ་ཚན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྒྱུན་གཏན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་མང་ཚོགས་ཀྱི་སྐོར་སྐྱོད་སྲུང་སྐྱོང་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ། འདམ་ར་བདག་སྐྱོང་གི་འགན་འཁྲི་ནན་དུ་བཏང་ཡོད། དེ་དང་ཆབས་ཅིག་འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་འདམ་རའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཀྱི་ལས་དོན་ཧུར་ཐག་སྤེལ་ནས། མང་ཚོགས་ཀྱི་འདམ་ར་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་བ་དང་འདམ་ར་བདག་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་སྟེ། འདམ་རའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དང་སྐྱེ་ཁམས་ནུས་པ་སྲུང་སྐྱོང་ནུས་ལྡན་བྱས་པ་རེད།
ཤིང་འཛུགས་ནགས་བཟོ་མཐའ་འཁྱོངས་བྱས་ནས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ།
ཡར་ཉང་འདམ་རའི་ཟུར་ཞིག་ཏུ་གནས་པའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རིང་ཤང་སད་སྒོ་ར་གྲོང་ཚོ་ནི་དེ་སྔ་སྐྱེ་ཁམས་ཉམས་ཞན་དང་བྱེ་རླུང་གིས་ཁེངས་པའི་ས་ཆ་ཞིག་ཡིན་པ་བསམ་ཚོད་བྱེད་པར་དཀའ། སད་སྒོ་ར་གྲོང་ཚོའི་ས་ཁོད་སྙོམས་ལ་ཆུ་བོའི་དཀྱོག་མཚམས་སུ་གནས་པས་བྱེ་འདམ་ཆགས་ཡོད། མཆོག་ཚེ་རིང་གིས་2008ལོར་སད་སྒོ་ར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་སྐབས། དབྱར་དུས་སུ་གང་སར་ཆུ་ལོག་ཐོན་ནས་ས་ངོས་སུ་འདམ་ཆུས་ཁེངས་པ་དང་། དགུན་དུས་སུ་རླུང་བུ་ཆེན་པོ་ལྡང་རྗེས་དེའི་རྒྱུད་ཀྱི་གྲོང་མི་རྣམས་བྱེ་རླུང་གི་ཁྲོད་དུ་སྡོད་དགོས་ཀྱི་ཡོད་ཅེས་བཤད། “དེ་ལྟར་བྱས་ན་མུ་མཐུད་སྡོད་ཐབས་བྲལ་བས་ང་ཚོའི་གྲོང་ཚོར་ལྗོན་ཤིང་འདེབས་དགོས་ཀྱི་འདུག” 2009ལོའི་དཔྱིད་ཀ་ཤར་མ་ཐག་མཆོག་ཚེ་རིང་གིས་ཤིང་འཛུགས་ནགས་བཟོ་དང་ཁོར་ཡུག་བཅོས་སྒྲིག་གི་གྲོས་འགོ་བཏོན་པ་དང་ད་བར་རྒྱུན་མཐུད་ཤིང་འཛུགས་ནགས་བཟོའི་ལས་གྲྭ་སྤེལ་འགོ་ཚུགས་ཡོད། དང་ཐོག་ཤིང་འཛུགས་རྒྱ་ཁྱོན་ལོ་རེར་མུའུ་ཆིག་སྟོང་ནས་ཕྱིས་སུ་ལོ་རེར་མང་ཤོས་ལ་མུའུ་5000ལྷག་ཙམ་ཟིན་གྱི་ཡོད། སད་སྒོ་ར་གྲོང་ཚོའི་ནགས་བཟོ་བྱེ་འགོག་གི་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད། ལོ་10ལྷག་ཙམ་རིང་སད་སྒོ་ར་གྲོང་ཚོས་ལྗོན་ཤིང་རྐང་ཁྲི་བཅུ་ཕྲག་ཁ་ཤས་བཏབ་པ་རེད།
ལས་དོན་སྤེལ་རིང་དཀའ་ངལ་ཡང་མང་པོ་ཕྲད་ཅིང་། ཤིང་མང་པོ་བཏབ་པར་བརྟེན་ཤིང་སྡོང་གྲམ་ངོགས་སུ་དེ་སྔ་ལྟར་རིང་པོ་སྐྱེ་གི་མེད། ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ལས་དོན་པས་བརྟག་ཞིབ་གཏིང་ཟབ་བྱས་པ་བརྒྱུད། ཡར་ཉང་འདམ་རར་སྐྱེས་པའི་སྐྱི་བ་སད་སྒོ་ར་གྲོང་ཚོའི་སྐྱེ་ཁམས་ཁོར་ཡུག་དང་འཚམ་ཤོས་ཡིན་པ་ཤེས་ནས། གྲོང་ཚོས་སྐྱེ་ཁམས་ཉམས་ཞན་ཁུལ་དུ་སྐྱི་བ་འདེབས་པའི་གྲོས་འགོ་བཏོན་ཡོད། སྡོང་ཕྲུག་ལེགས་སུ་བཏང་རྗེས་ལྗོན་ཤིང་གསོན་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་སད་སྒོ་ར་གྲོང་ཚོའི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་ཡོད། “ཕ་ཡུལ་གྱི་ད་ལྟའི་མཛེས་ཤིང་ལྟ་ན་སྡུག་པའི་ཁོར་ཡུག་མཐོང་སྐབས་ལོ་དེ་དག་རིང་རང་ཉིད་ཀྱིས་བློས་གཏོང་བྱས་པར་འགྱོད་པ་སྐྱེ་གི་མི་འདུག”ཅེས་མཆོག་ཚེ་རིང་གིས་བཤད།
སད་སྒོ་ར་གྲོང་ཚོ་ལྟ་བུའི་སྐྱེ་ཁམས་ཉམས་གསོའི་འདུ་འགོད་དེ་འདྲ་བ་ཡར་ཉང་འདམ་རའི་ཉེ་འཁོར་དུ་ད་དུང་མང་པོ་ཡོད། 2016ལོ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་3510བཏང་ནས་ཡར་ཉང་འདམ་ར་སྲུང་སྐྱོང་དང་སླར་གསོའི་ལས་གྲྭ་དང་ནགས་ལས་སྒྱུར་འཕེལ་མ་དངུལ་གྱི་ཡར་ཉང་འདམ་རའི་ཁ་གསབ་སོགས་འདམ་ར་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་ཁག་4ལག་བསྟར་བྱས་པ་དང་། 2022ལོའི་ཟླ་6པའི་བར་ཡར་ཉང་འདམ་རའི་སྔོ་ཁེབས་སླར་གསོའི་རྒྱ་ཁྱོན་མུའུ་1839ཟིན་ཡོད་པ་རེད།
སྐྱེ་ཁམས་ཡུལ་སྐོར་དང་ལྟ་ཞིབ་ཚད་ལེན་ཞིབ་འཇུག་གལ་ཆེ་མཉམ་འཛིན།
སྐྱེ་ཁམས་མུ་མཐུད་ལེགས་སུ་ཕྱིན་པས་ཡར་ཉང་འདམ་རའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་རིན་ཐང་དེ་བས་ཆེ་བ་ཇི་ལྟར་འདོན་དགོས་སམ།
ཕུར་བུ་ཚེ་རིང་ནི་ཉིང་ཁྲིའི་ཡུལ་སྐོར་བོགས་གཏོང་རླངས་འཁོར་གྱི་ཁ་ལོ་བ་ཞིག་ཡིན་པ་དང་། འདས་ཟིན་པའི་ཟླ་བ་ཁ་ཤས་རིང་ཁོང་བྲེལ་བ་ཧ་ཅང་ཆེན་པོ་ཡོད། “བོད་དུ་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ཡར་ཉང་འདམ་ར་དང་ཡར་ཀླུང་གཙང་པོའི་རོང་ཆེན་སོགས་མཛེས་ལྗོངས་ཁུལ་གྱིས་མཉམ་དུ་ཉིང་ཁྲིའི་ཉེ་འཁོར་དུ་ཐག་ཉེ་བའི་ཡུལ་སྐོར་གྱི‘ལམ་ཐིག་ཡག་ཤོས’བཏོད་ཡོད” ཁོང་གིས“ངའི་ཁྱིམ་འདམ་རའི་ཉེ་འགྲམ་དུ་ཡོད་པ་དང་། གྲོང་མི་མང་པོ་ཞིག་ཉེ་འགྲམ་གྱི་མཛེས་ལྗོངས་ཁུལ་དུ་ལས་ཀ་བྱེད་ཀྱི་ཡོད་པས་ཡོང་འབབ་མང་ཆེ་བ་མཛེས་ལྗོངས་ཁུལ་ནས་ཐད་ཀར་གསོག་ཐུབ་ཀྱི་ཡོད”ཅེས་ངོ་སྤྲོད་བྱས། འདམ་རའི་ཉེ་འགྲམ་གྱི་ཉིང་ཁྲི་གྲོང་རྡལ་ཆུ་འཁོར་གྲོང་ཚོ་ནི་ད་ཆ་ས་གནས་དེ་གའི་གྲོང་མི་དང་ཡུལ་སྐོར་བའི་སྤྲོ་གསེང་བྱ་ཡུལ་ཡག་ཤོས་ཤིག་རེད། ན་ནིང་ཆུ་འཁོར་གྲོང་ཚོར་ས་ཞིང་མུའུ་190ལྷག་ཙམ་ནང་བཤུག་བྱས་ནས་སྐྱེ་ཁམས་ལྟ་སྐོར་དང་དམངས་སྲོལ་ཉམས་ལེན་གཞི་གཅིག་ཅན་གྱི་མེ་ཏོག་ལྟ་སྐོར་གླིང་བསྐྲུན་པས་ཡུལ་སྐོར་བས་མེ་ཏོག་ལ་ལྟ་བ་དང་། མདའ་འཕེན་པ། རྟ་བཞོན་པ་བཅས་བྱེད་ཀྱི་ཡོད། 2022ལོར་ཆུ་འཁོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ལས། ཡུལ་སྐོར་ཡོང་འབབ་ཁོ་ན་སྒོར་ཁྲི་45ལྷག་ཙམ་ཟིན་ཡོད་པ་རེད།
དེ་གོང་འདམ་ར་སྲུང་སྐྱོང་གི་ཆེད་ལས་ལག་རྩལ་བ་དཀོན་པའི་དབང་གིས་ཡར་ཉང་འདམ་རའི་སྐྱེ་ཁམས་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོ་མེད། གནད་དོན་དེར་དམིགས་ནས་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་ཀྲུང་གོ་ཚན་རིག་ཁང་དང་། ཝུའུ་ཧན་སློབ་ཆེན། བོད་ལྗོངས་སློབ་ཆེན་སོགས་ཚན་ཞིབ་སློབ་གླིང་དང་མཉམ་ལས་བྱས་ནས། འདམ་རའི་ཐོན་ཁུངས་བརྟག་ཞིབ་དང་ལྟ་ཞིབ་ཚད་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་འདམ་ར་སྲུང་སྐྱོང་གི་ཚན་རྩལ་འདེགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད། དེ་དང་ཆབས་ཅིག་འདམ་རའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་ཚོད་འཛིན་ས་ཚིགས་བཙུགས་ནས་འདམ་རའི་སྐྱེ་ཁམས་གནས་ཚུལ་ལ་གདེང་འཇོག་དང་སྲོག་ཆགས་རྩི་ཤིང་ལ་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་ཚོད་འཛིན་བྱེད་ཀྱི་ཡོད། “ལྟ་ཞིབ་ཚད་ལེན་ནི་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱ་ཆེད་ཡིན་ལ། རྗེས་མཐུད་ཚན་རིག་ཞིབ་འཇུག་ལ་གཞི་འཛིན་ས་མཁོ་འདོན་བྱ་ཆེད་ཀྱང་རེད”ཅེས་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ལས་དོན་པས་བཤད།
“སྐྱེ་ཁམས་ཀྱི་ལྟ་ཞིབ་ཚད་ལེན་དྲ་བ་བཙུགས་ཚེ་ང་ཚོས་ས་མཐོའི་སྐྱེ་ཁམས་ལ་སྔར་བས་ཞིབ་འཇུག་བྱས་ནས་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཕན་ཐོགས་ཡོད”ཅེས་བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཟླ་བས་བཤད།