གྲ་ནང་རྫོང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་བྱེ་འགོག་བྱེ་བཅོས་བྱས་ཏེ་ལྗང་མདོག་སྲུང་བཅད་མུ་མཐུད་བརྟན་དུ་བཏང་བ།
“སྔོ་རྒྱས་བྱེ་འཇགས”ཀྱི་སྐྱེ་ཁམས་རྣམ་པ་མཉམ་དུ་བསྐྲུན་པ།
དུས་རབས་20པའི་ལོ་རབས་80པ་ནས་བཟུང་། གྲ་ནང་རྫོང་གིས་ཤིང་འཛུགས་ནགས་བཟོ་དང་རླུང་འགོག་བྱེ་འཇགས་ཀྱི་ལས་དོན་ཧུར་ཐག་སྤེལ་བ་རེད། ལོ་40ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། གྲ་ནང་རྫོང་ཁོངས་ཀྱི་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་ནགས་ཚལ་ཁྱབ་ཚད་དང་རྩྭ་ཐང་སྔོ་ཁེབས་ཁྱབ་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ནས་མྱ་ངམ་ཐང་དང་བྱེ་འགྱུར་ས་ཆ་རྒྱུན་མཐུད་ཉུང་དུ་ཕྱིན་ཡོད། གཙོ་གནད་བཅོས་སྐྱོང་ཁུལ་དེ“བྱེ་ཐང”ནས“སྔོ་ལྗང”དུ་གྱུར་ནས་དེ་སྔ་བྱེ་རླུང་གིས་མནར་བའི་གཙང་པོའི་བྱང་ངོགས་རིམ་བཞིན་སྔོ་ལྗང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད།
ལྗང་མདོག་གི་རེ་བ་མཉམ་དུ་དོན་གཉེར་བྱས་པ།
གྲ་ནང་རྫོང་ཁོངས་སུ་གནས་པའི་བསམ་ཡས་གྲོང་རྡལ་བསམ་ཡས་སྡེ་ཁུལ་ནི་བྱེ་རླུང་གི་གནོད་སྐྱོན་ཚབས་ཆེན་ཕོག་པའི་ས་ཁུལ་གྱི་གྲས་ཤིག་རེད།
འདི་ལོ་ལོ་57ལ་སླེབས་པའི་བསམ་ཡས་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་དེ་སྔའི་ཧྲུའུ་ཅི་བསོད་ནམས་ཚེ་རིང་ཆུང་དུས་ནས་དེ་གར་འཚོ་བ་སྐྱེལ་གྱི་ཡོད་པས་བྱེ་རླུང་གི་གནོད་སྐྱོན་ཕོག་པའི་གནས་ཚུལ་མང་པོ་ཤོད་རྒྱུ་ཡོད། ཁོང་གིས་གསར་འགོད་པར“ང་རང་བྱིས་དུས་སྐབས་གྲོང་ཚོ་ཧྲིལ་པོར་ལྗོན་ཤིང་རྐང་ཁ་ཤས་ལས་མཐོང་རྒྱུ་མེད། བྱེ་རླུང་ལྡང་རིམ་བཞིན་བྱེ་མ་སྒོའི་ཐེམ་པའི་མཐོ་ཚད་བར་གསོག་གི་ཡོད། གད་འཕྱིས་ག་ཚོད་བརྒྱབ་ཀྱང་གཙང་མ་འཕྱག་མི་ཐུབ”ཅེས་བརྗོད།
དེར་བརྟེན་དུས་རབས་20པའི་ལོ་རབས་80པའི་དུས་འགོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་ནགས་ལས་སྡེ་ཚན་གྱིས་བྱེ་འགོག་རགས་རྒྱག་པ་དང་སྡོང་ཕྲུག་བཙུགས་ནས་ཡར་ཀླུང་གཙང་པོའི་ལྷོ་ངོགས་ཀྱི་བྱེ་ཐང་དུ་ནགས་བཟོ་ཚོད་ལྟ་བྱས་ཡོད། ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཚལ་སྐྲུན་པའི་དུས་འགོར། འོས་འགན་ཤིང་འཛུགས་དང་ནགས་ལས་སྡེ་ཚན་གྱིས་ཁ་གསབ་རང་བཞིན་གྱི་ནགས་བཟོ་གཙོ་བོར་བཟུང་རྗེས“གཙང་པོ་གཅིག་དང་ཆུ་བོ་གཉིས”དང་། ལྷ་སའི་ཉེ་འཁོར་དུ་ནགས་བཟོ། གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྤྱི་ཕན་གྱི་ནགས་ཚལ་འཛུགས་སྐྲུན་ལས་གྲྭ བོད་ལྗོངས་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭ རྨོ་བསྐྱུར་ནགས་གསོ་སོགས་ཀྱི་ལས་གྲྭ་དང་འོས་འགན་ཤིང་འཛུགས་སོགས་ཐབས་ལམ་དང་རྣམ་པ་སྣ་ཚོགས་པ་སྤྱད་ནས་ནགས་བཟོ་བྱས་ཡོད།
རང་སྐྱོང་ལྗོངས་དང་ལྷོ་ཁ་གྲོང་ཁྱེར་གྱི་བཀོད་སྒྲིག་འོག“ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། གྲ་ནང་རྫོང་གིས་ཤིང་འཛུགས་ནགས་བཟོ་དང་ནགས་ལས་སྐྱེ་ཁམས་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར་1ལྷག་ཙམ་བཏང་ནས་ནགས་བཟོ་ནགས་སྐྱོང་བྱེད་པར་སྔོན་ལ་ནགས་བཟོ་དང་རྗེས་ལ་ཁ་གསབ་སྤྲོད་པ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོང་། མྱ་ངམ་ཐང་ཕྱོགས་བསྡུས་བཅོས་སྐྱོང་། རི་རྒྱ་ནགས་གསོ། རྩྭ་ཐང་ཞན་འགྱུར་སླར་གསོ་སོགས་ཀྱི་རྣམ་གྲངས་དང་དེ་བཞིན་གྲོང་གསེབ་ཀྱི“འགྲམ་ངོགས་བཞིར”ཤིང་འཛུགས་དང་། ནགས་གསོ་ཁ་གསབ། ནགས་ཚལ་བདག་སྐྱོང་། ནགས་རྩྭ་སྣོལ་འདེབས། རྨོ་བསྐྱུར་ནགས་གསོ། འོས་འགན་ཤིང་འཛུགས་སོགས་ལག་བསྟར་བྱས་ནས་རྒྱལ་ཁབ་ཀྱི་ས་ཆ་མུའུ་ཁྲི་14.4ལྷག་ཙམ་སྔོ་ལྗང་ཅན་དུ་འགྱུར་ཡོད།
གྲོང་ཚོའི་ཉེ་འཁོར་གྱི་མུའུ་སྟོང་གི་ནགས་ཚལ་ལ་ལྟ་བཞིན་བསོད་ནམས་ཚེ་རིང་གིས“ལྗོན་ཤིང་འདེབས་པ་རང་ཉིད་ཀྱི་ཆེད་དུ་ཡིན་པ་མ་ཟད། ད་དུང་མི་རབས་རྗེས་མའི་ཆེད་དུའང་ཡིན། ད་ཆ་ཁོར་ཡུག་ལེགས་སུ་ཕྱིན་ནས་མཁའ་རླུང་གཙང་མ་འདུག”ཅེས་དགའ་ཚོར་ཆེན་པོས་བརྗོད།
ལྗང་མདོག་སྐྱེ་ཁམས་མཉམ་དུ་སྲུང་སྐྱོང་བྱས་པ།
འདི་ལོའི་ཟླ་3པར་གྲ་ནང་རྫོང་གིས་ལས་བྱེད་པ་དང་ལས་བཟོ་800ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཡར་ཀླུང་གཙང་པོའི་ངོགས་སུ་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ་དང་གཏན་འཁེལ་བྱས་པའི་འདེབས་འཛུགས་ས་ཁོངས་སུ་མུའུ་583ཟིན་པའི་སྡོང་ཕྲུག་མཉམ་དུ་བཙུགས་པ་རེད།
ལྗོན་ཤིང་འདེབས་སླ་ཡང་གཡོག་བྱེད་བྱེད་དཀའ། “བཏབ་མ་ཐག་པའི་ནགས་ཚལ་ལ་ང་ཚོས་ནགས་སྲུང་ལས་གནས་3བཀོད་སྒྲིག་བྱས་པ་དང་། སྡོང་ཕྲུག་ཉོ་བ་དང་། འཕྲུལ་ཁྲོན་འདྲུ་བ་དང་ཆུ་འདྲེན་སོགས་ཞོར་གཏོགས་སྒྲིག་ཆས་འཛུགས་སྐྲུན་ལ་སྒོར་ཁྲི་300ལྷག་ཙམ་བཏང་ཡོད”ཅེས་གྲ་ནང་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་དོན་གྲུབ་ཚེ་རིང་གིས་ངོ་སྤྲོད་བྱས། ཁོང་གིས་ཉེ་བའི་ལོ་ཤས་རིང་གྲ་ནང་རྫོང་གིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ་ནགས་སྲུང་བ་དང་། བྱེ་བཅོས་བ། འདམ་སྲུང་བ། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་པ་སོགས་སྐྱེ་ཁམས་ལས་གནས་བཙུགས་ནས་འགན་འཁྲི་ཁག་བགོས་ཞིབ་ཕྲ་བཟོས་པས་ཡུལ་མི་མང་པོ་ཞིག་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་བར་གྱུར་ཡོད།
སྔོ་ལྗང་རྩི་ཤིང་སྲུང་སྐྱོང་བྱེད་པའི་ཐད། གྲ་ནང་རྫོང་གིས་ནགས་དཔོན་ལས་དོན་དང་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། སྡེ་ཚན་མཐུན་སྦྱོར། ས་ཁོངས་ཧྲིལ་པོར་ཁྱབ་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས《གྲ་ནང་རྫོང་གི་2023ལོའི་ནགས་དཔོན་ལམ་ལུགས་ཀྱི་ལས་ཀའི་གཙོ་གནད》བཟོས་ནས་བཀྲམ་སྟེ་ལས་ཀའི་དམིགས་ཚད་དང་། ལས་ཀའི་འགན་འཁྲི། ལས་འགན་གཙོ་བོ། ལག་བསྟར་གྱི་གོ་རིམ་བཅས་སྔར་བས་ཁ་གསལ་བཟོས་ཡོད། མིག་སྔར་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་རིམ་གསུམ་ནགས་དཔོན་362ཡོད་པ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ནགས་དཔོན་མ་ལག་རགས་ཙམ་བཙུགས་པ། དམངས་ཡོངས་ཀྱི་ལྗང་སྲུང་བྱ་སྤྱོད་ལ་དགའ་ཞེན་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་རགས་ཙམ་ཆགས་པ། རི་ལ་དོ་དམ་བྱེད་མཁན་ཡོད་པ་དང་། ནགས་ཚལ་འདེབས་མཁན་ཡོད་པ། ལྗོན་ཤིང་ལ་བདག་སྐྱོང་བྱེད་མཁན་ཡོད་པ། འགན་འཁྲི་འཁུར་མཁན་ཡོད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
ལྗང་མདོག་གི་ཕན་འབྲས་མཉམ་དུ་ལོངས་སྤྱོད་བྱས་པ།
རླངས་འཁོར་བཏང་སྟེ་གྲ་ནང་རྫོང་ཁོངས་ཀྱི་ཡར་ཀླུང་གཙང་པོའི་ངོགས་གཉིས་སུ་སྐྱོད་སྐབས། དེང་རབས་ཅན་གྱི་སྡོང་ཕྲུག་འདེབས་གསོའི་རྟེན་གཞི་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད་པའི་ནང་བོད་རྩྭ་ཀུང་སིས་བསྐྲུན་པའི་བོད་རྩྭ་མུའུ་ཁྲིའི་རྩི་ཤིང་གི་སྡོང་ཕྲུག་གསོ་སྤེལ་རྟེན་གཞི་ཡོད། རྟེན་གཞིར་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་ཡོད།
ཀུང་སིའི་འབྲེལ་ཡོད་འགན་འཁུར་བ་ཐན་ཁྲུན་ཡུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཀུང་སིས་2017ལོ་ནས་བཟུང་ཡར་ཀླུང་གཙང་པོའི་ངོགས་སུ་སྔོ་འགྱུར་ནགས་བཟོའི་ལས་དོན་སྤེལ་བ་དང་མིག་སྔར་ཡར་ཀླུང་གཙང་པོའི་ངོགས་སུ་མུའུ་8200ཡི་ལྗང་གསོའི་རྟེན་གཞི་དང་མུའུ་ཁྲི་1.3གྱི་སྔོ་འགྱུར་ནགས་བཟོའི་རྣམ་གྲངས་ཡོད། 2019ལོ་ནས་བཟུང་ས་ཞིང་བརྒྱུད་བཤུག་དང་ལས་ཞུགས་ལས་གནས་མཁོ་འདོན་སོགས་ཀྱི་བྱ་ཐབས་སྤྱད་དེ་ས་གནས་དེ་གའི་མི་སེར་གྱི་ཡོང་འབབ་མང་དུ་འགྲོ་བར་སྐུལ་ཁྲིད་བྱས་ཡོད།
ཐོན་ལས་འཕེལ་རྒྱས་བྱུང་བ་དང་སྐྱེ་ཁམས་ལེགས་སུ་ཕྱིན་ནས་མི་སེར་གྱི་ཡོང་འབབ་མང་དུ་སོང་ཡོད། “ཀུང་སིར་མ་ཡོང་གོང་ང་ས་ཆ་གཞན་དུ་གླ་པ་རྒྱུག་གི་ཡོད། ད་ཆ་འདི་གར་ཟླ་རེར་ཡོང་འབབ་སྒོར་བཞི་སྟོང་ལྔ་སྟོང་ཙམ་ཡོད། ལས་ཀ་བྱེད་ས་རང་ཁྱིམ་དང་ཐག་ཉེ་པོ་ཡོད་པ་མ་ཟད། ད་དུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཆེད་རང་ཉིད་ཀྱི་ནུས་ཤུགས་ཕྲན་བུ་ལེགས་སྐྱེས་འབུལ་ཐུབ་ཀྱི་འདུག”ཅེས་བོད་རྩྭ་ཀུང་སིར་ལས་ཀ་བྱས་ནས་ལོ་དྲུག་བདུན་ཙམ་སོང་བའི་ཨོ་རྒྱན་ཆོས་སྒྲོན་གྱིས་བརྗོད། ད་ཆ་ཁོང་གིས་མེ་ཏོག་སྣ་ཚོགས་ཀྱི་འདེབས་འཛུགས་ཀྱི་ལག་རྩལ་ཤེས་ཡོད།
མི་རྣམས་འཚོ་གནས་ཀྱི་ཁོར་ཡུག་ཇེ་ལེགས་སུ་སོང་བ་དང་། གྲ་ནང་རྫོང་གི་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་ལྗང་མདོག་འཕེལ་རྒྱས་ལམ་བུ་ཡང་ཇེ་ཡངས་ནས་ཇེ་ཡངས་སུ་འགྲོ་བཞིན་ཡོད།