དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཡུལ་སྐོར་དང་ཟུང་འབྲེལ་གྱི་ཁུལ་ཁོངས་གསར་སྤེལ་ཧུར་ཐག་བྱེད་པ།

    —— བོད་ཀྱི་ཡུལ་སྐོར་ལས་རིགས་ཀྱི་ལས་རྣམ་གསར་པས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |     རྩོམ་པ་པོ།  ཁྲུན་ལ།   |     སྤེལ་དུས།  2023-11-05

    ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གུང་གསེང་གི་སྔ་ནུབ་ཏུ། བོད་ལྗོངས་མཐོང་རྒྱ་ཡངས་པའི་ཡུལ་སྐོར་ལས་དོན་ཁང་གི་ཕན་ཧྭ་ཕུང་གིས་ཚོགས་པར་མཁོ་བའི་གཞུང་ལམ་རྐང་འཁོར་དང་། གློག་སྒུལ་རྐང་འཁོར། གུར་དང་དེ་བཞིན་འཕྲལ་སྡོམ་སྒྲིག་ཆས་སོགས་གྲ་སྒྲིག་བྱས་རྗེས་ས་མཐོའི་སྨན་པ་དང་། མ་བྱན། ཆེད་ལས་ཡུལ་སྐོར་སྣེ་ཤན་པའི་ཚོགས་པ་བཅས་ཁྲིད་ནས་འདི་ལོའི་ཡུལ་སྐོར་ལས་དོན་ཁང་གི་ཕྱི་རྒྱལ་གྱི་རྩེར་སོན་ཚོགས་པའི་སྣེ་ལེན་བྱེད་སྒོ་ཐེངས་བཞི་པ་སྤེལ་བ་རེད།

    ཡུལ་སྐོར་བ་8དང་། ཞབས་ཞུ་བ་7 རྗེས་འབྲངས་རླངས་འཁོར་3བཅས་སྤྲིན་དཀར་འོག་དང་གངས་རི་དང་མཚོ་ཡི་འགྲམ་དུ་རྐང་འཁོར་བཞོན་ནས་བག་ཕེབས་ངང་སྐྱོད་བཞིན་ཡོད་པ་རེད། “ང་ཚོས་ཉིན་ལྟར་རྐང་འཁོར་བཞོན་ནས་སྤྱི་ལེ་100ཙམ་བསྐྱོད་ཅིང་། དཀའ་ལས་ཁག་ཚེ་སྒར་བརྒྱབ་ནས་ངལ་གསོ་བ་དང་ཞིམ་ཟས་ལ་ལོངས་སྤྱོད་བྱེད་བཞིན་ཡིད་དབང་འཕྲོག་པའི་རི་ཀླུང་གི་མཛེས་པ་མྱོང་རོལ་བྱེད་ཀྱི་ཡོད”ཅེས་ཕན་ཧྭ་ཕུང་གིས་བཤད།

    “ཡུལ་སྐོར+”ལེགས་གཉེར་དང་། རྒྱལ་སྤྱིའི་ཚད་གཞི་དོན་གཉེར་བྱེད་པ། ཐོན་ལས་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱ་རྒྱུ་ནི་2023ལོའི་བོད་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་དམིགས་ཚད་ཅིག་རེད། བོད་ཀྱིས་2022ལོའི་ལོ་མཇུག་ནས་བཟུང“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པ”དང་ས་གནས་དེ་གའི་ཡུལ་སྐོར་འཛད་སྤྱོད་འཛིན་ཤོག་སོགས་གཟིགས་སྐྱོང་སྲིད་ཇུས་ཀྱི་ཁྲིད་སྟོན་འོག ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བའི་གོམ་སྟབས་ཁྱོན་ཡོངས་ནས་སྤོས་པ་རེད།

    འདི་ལོའི་ལོ་སྟོད་དུ་བོད་ཀྱིས་གྲོང་གསེབ་དར་རྒྱས་ལ་དམིགས་ནས“རྫོང་རེར་སྤུས་རྟགས་རེ་དང་རྫོང་རེར་ཉམས་འགྱུར་རེའི”ཁྱད་ལྡན་གྲོང་གསེབ་ཡུལ་སྐོར་དང་གསར་བརྗེའི་ཡུལ་སྐོར་ལག་བསྟར་བྱས་པ་རེད། ལྔ་གཅིག་ངལ་གསོའི་རིང་ལྷ་ས་འཇུན་པ་ཉ་ལས་གྲོང་ཚོས་སྲོལ་རྒྱུན་གྱི་ཀོ་གྲུར་སྡོད་པ་དང་། ཀོ་གྲུ་གཏོང་བ། “མངོན་མིན་རིག་གནས་ཤུལ་བཞག+”རྩེར་སོན་གྱི་གྲོང་ཁྱེར་ཉེ་འདབས་ཀྱི་ཡུལ་སྐོར་བཅས་གཉེར་བར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་7ལྷག་ཙམ་བྱུང་ནས་མཐའ་འཁོར་གྱི་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད། 

    ལོ་དཀྱིལ་དུ་བོད་ཀྱིས་ཡུལ་སྐོར་དང་རིག་གནས་མཉམ་འདྲེས་གཏིང་ཟབ་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས་ས་ཁུལ་དང་གྲོང་ཁྱེར་ཁག་གིས་རིག་གནས་ཡུལ་སྐོར་དུས་ཆེན་རབ་དང་རིམ་པ་སྔ་རྗེས་སུ་གཉེར་བ་ལས། བོད་ལྗོངས་འགྲེམས་ཚོགས་དང་ཞོ་སྟོན་རིང་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་286.02ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཡོང་འབབ་དངུལ་འབོར་སྒོར་དུང་ཕྱུར་10ལྷག་ཙམ་ཟིན་ཡོད་པ་རེད།

    ཡུལ་སྐོར་གྱི་ལས་རྣམ་གསར་པས་ཡག་ཐོག་ཡག་བརྩེགས་ཀྱི་ནུས་པ་ཐོན་ནས་བོད་ཀྱི་ཡུལ་སྐོར་ཁྲོམ་རར་ན་གཞོན་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད།

    ཟླ་བདུན་པར་2023ལོའི་ཧི་མ་ལ་ཡའི་རོལ་དབྱངས་དུས་ཆེན་ལྷ་སར་གཉེར་བ་དང་རོལ་དབྱངས་འདུ་ཚོགས་ཐེངས་གཉིས་ལ་ཁྱོན་ལྟད་མོ་བ་མི་ཐེངས་ཁྲི་2ལྷག་ཙམ་གྱི་ཡིད་དབང་འཕྲོགས་ཡོད།

    ཟླ་བརྒྱད་པར་བོད་ཀྱི་གཞོན་ནུས་གསར་གཏོད་བྱས་པའི་དམངས་ཁྲོད་རིག་གནས་དུས་ཆེན་ཏེ“གནས་རི་གླིང་ཁ”བྱེད་སྒོ་སྤེལ་ནས། ཉིན་གསུམ་རིང་མི་སྟོང་ཕྲག་ཁ་ཤས་དེར་ཞུགས་ཡོད་པ་རེད།

    ཟླ་དགུ་པར་བོད་ཀྱི་ལྗགས་སྨིན་མྱོང་རོལ་གཟའ་འཁོར་འགོ་ཚུགས་ཤིང་། བོད་ཀྱི་ས་གནས་ཁག་གི་ཞིམ་ཟས་བརྡར་པས་ཡུལ་སྐོར་བར་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ལྗགས་སྨིན་སྟོན་མོ་བཤམས་ཡོད།

    ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གྱི་མངགས་ཐོའི་གྲངས་གཞི་ཆེན་པོ་ནས་མངོན་པར། བོད་དུ་སླེབས་པའི་ཡུལ་སྐོར་བ་ལས་90ནང་སྐྱེས་ཀྱི་ཡུལ་སྐོར་བའི་མི་གྲངས་ཀྱིས་ཨང་དང་པོ་ཟིན་པ་དེས་ཡུལ་སྐོར་བའི་བསྡོམས་འབོར་གྱི་42.44%ཟིན་པ་དང་། 80པའི་ནང་སྐྱེས་ཀྱི་གྲངས་འབོར་གྱིས་ཨང་གཉིས་པ་ཟིན་པ་དེས་ཡུལ་སྐོར་བའི་བསྡོམས་འབོར་གྱི་27.44%ཟིན་པ། 00ལོའི་ནང་སྐྱེས་ཀྱིས་ཨང་གསུམ་པ་ཟིན་པ་དེས་ཡུལ་སྐོར་བའི་བསྡོམས་འབོར་གྱི་8.3%ཟིན་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་གྲངས་གཞི་ལས་མངོན་པར། 2023ལོའི་ཟླ་དང་པོ་ནས་དགུ་པའི་བར་བོད་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4966.67ལ་སྣེ་ལེན་ཞུས་པ་དུས་མཚུངས་ལས་67.43%འཕར་ཡོད་པ་ལས། རྒྱལ་མཚམས་བསྒྲལ་ནས་ཡུལ་སྐོར་དུ་ཡོང་མཁན་མི་ཐེངས་85768ལ་སྣེ་ལེན་ཞུས་པ་དུས་མཚུངས་ལས་902%འཕར་བ་དང་། རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4958.09ལ་སྣེ་ལེན་ཞུས་པ་དུས་མཚུངས་ལས་67.19%འཕར་ཡོད། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་593.98ཟིན་པ་དུས་མཚུངས་ལས་46.21%འཕར་ཡོད་པ་ལས། ཡུལ་སྐོར་གྱི་ཕྱི་དངུལ་ཡོང་འབབ་ཨ་སྒོར་ཁྲི་4942ཟིན་པ་དུས་མཚུངས་ལས་1111.2%འཕར་བ་དང་། རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་590.48ཟིན་པ་དུས་མཚུངས་ལས་45.45%འཕར་ཡོད།

    བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཐིང་ཀྲང་དབང་ཞའོ་ཏུང་གིས། 2023ལོར་བོད་ཀྱིས་དེ་བས་ཁྱད་ཆོས་ལྡན་པའི་ཆེད་དོན་རྣམ་གྲངས་དང་ཡུལ་སྐོར་ཐོན་རྫས་སྤུས་དག་གི་ལམ་ཐིག་ཁག་གཅིག་མུ་མཐུད་བཏོད་དེ། ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་བའི་ཡིད་དབང་འགུགས་པ་དང་། ཞབས་འདེགས་ལ་བརྟེན་ནས་ཡུལ་སྐོར་བ་བསུས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་དེ་བས་སྤུས་ལེགས་ཀྱི་ཡུལ་སྐོར་མྱོང་རོལ་ཐུབ་པར་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།