དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག འཚོ་བ་བདེ་སྐྱིད་ཕུན་སུམ་ཚོགས།

    རང་ལྗོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-03

    བོད་དུ་སྐྱེ་ཁམས་ནི་འཕེལ་རྒྱས་ཀྱི་ནང་དོན་གཙོ་བོ་ཞིག་རེད། རང་ལྗོངས་ཀྱིས“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་པ་དང་། རི་ཆུ་ནགས་ཞིང་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྤྱི་འདོམས་བྱས་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་བཏོད་པ། རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་47བཙུགས་པས་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་སླར་གསོའི་རང་བཞིན་ངང་འཕར་ནས། གཙོད་ཀྱི་གྲངས་འབོར་ཁྲི་30ལས་བརྒལ་བ་དང་ཤྭ་སེར་ཆེན་གྱི་གྲངས་འབོར་800ལས་བརྒལ་ཡོད།

    རང་སྐྱོང་ལྗོངས་ཀྱི་རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྟོན་གྲངས་ཁག་ལས་བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་གསལ་བཤད་བྱས་ཡོད།

    མངའ་རིས།

    རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ།

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ནས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་གངས་ལྗོངས་ས་མཐོའི་རི་ཆུ་དང་རྩྭ་རྩི་ཤིང་ཚུན་ཆད་སྲུང་སྐྱོང་ཡག་པོ་བྱས་ཡོད།

    གཞུང་ལམ་གྱི་གཡས་གཡོན་དུ་རྐྱང་ཁྱུ་རྩྭ་ཆུར་རོལ་བ་དང་། སེང་གེ་ཁ་འབབ་གྲོང་རྡལ་གྱི་ཁྲོམ་གཞུང་གཙང་ལ་གྲལ་འགྲིག་པ། དྲོད་ཁང་ཆེ་མོའི་ནང་སྔོ་ཚལ་དང་། ཤིང་འབྲས། མེ་ཏོག་བཅས་སྐྱེ་འཚར་ལེགས་པ་སོགས་ལས་ཉེ་བའི་ལོ་ཤས་རིང་མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་ལ་ཐོབ་པའི་ཕུལ་བྱུང་གི་གྲུབ་འབྲས་མངོན་པ་དང་། མངའ་རིས་ས་ཁུལ་གྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ཆེད་ལེགས་སྐྱེས་ཕུལ་དང་འབུལ་མུས་ཡིན་པ་མཚོན་ཡོད། མངའ་རིས་ས་ཁུལ་འདི་ཉིད་2020ལོར་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གྱི་མིང་བཏགས་པ་དང་། 2018ལོ་ནས་2020ལོའི་བར་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དཔྱད་ཞིབ་ཁྲོད་ལོ་གསུམ་བསྟུད་མར“ཕུལ་བྱུང”ཐོབ་པ་རེད།

    མངའ་རིས་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་འཐབ་ཇུས་ཁུལ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དཔེ་སྟོན་ཁུལ། ལྗང་མདོག་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ། རང་བྱུང་སྲུང་སྐྱོང་གི་དཔེ་མཚོན་ཁུལ། སྐྱེ་ཁམས་དམངས་ཕྱུག་གི་སྔོན་སྤེལ་ཁུལ་བཅས་ལྟེ་བར་བྱེད་པའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་རྒྱུན་མཐུད་ངང་བཏོད་ནས། གདོང་ལེན་པ་བརྩོན་ལེན་དང་མདུན་གྲལ་དུ་ཧུར་ཐག་བསྐྱོད་དེ་བོད་འདི་ཉིད་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་གཏོད་ཆེད་མངའ་རིས་ཀྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།

    ལྷོ་ཁ།

    མཛེས་སྡུག་ལྡན་པའི་གྲོང་གསེབ་གང་སར་མཐོང་རྒྱུ་ཡོད་པ།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་འགོ་ཁྲིད་ཀྱི་སྟོབས་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་བྱ་ཐབས་སྔར་བས་ཞིབ་ཚགས་སུ་གཏོང་བ། ལས་ཀའི་ཕན་འབྲས་སྔར་བས་ཆེ་རུ་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་དམིགས་ཚད་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱས་པའི་རྨང་གཞིའི་ཐོག ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་མུ་མཐུད་སྐུལ་འདེད་བཏང་ནས། ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བརྟན་པོའི་ངང་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད།

    ཆུ་གསུམ་རྫོང་གིས་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་རྫོང་དཔོན་གཉིས་པོ་ཙུའུ་ཀྲང་དུ་བྱེད་པའི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་མི་ཐེངས་ཁྲི་2.11ལྷག་ཙམ་གྱི་གྲོང་ཚོའི་སྤྱི་པའི་ཁོར་ཡུག་བཅོས་སྒྲིག་བྱས་པ་དང་། དུས་བཀག་ལྟར་གྲོང་གསེབ་ཀྱི་ཁང་པའི་རྒྱབ་མདུན་གྱི་ཆུ་རྫིང་གཙང་བཟོའི་ལས་དོན་སྤེལ་བ། མ་དངུལ་སྒོར་ཁྲི་2600ལྷག་ཙམ་བཏང་ནས་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་21ཏུ་འཚོ་བའི་གད་སྙིགས་བསྡུ་རུབ་ས་ཚིགས་82བསྐྲུན་པ། གྲོང་གསེབ་ཀྱི་མིའི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་ཏན་ཏིག་བཏང་བར་ཕན་འབྲས་བཟང་པོ་ཐོབ་ཡོད།

    མཚོ་སྨད་རྫོང་གིས་རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོ་བྱེད་པའི་ཆེད་དོན་བྱ་སྤྱོད་ཏན་ཏིག་སྤེལ་ནས། ཁྱོན་རྣམ་གྲངས་8ཀྱི་གནད་དོན་26གསེད་བཀྲོལ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ་ལྟེ་བར་བྱས་ནས“དགུངསྔོན་དང་། ཆུ་དྭངས། ས་གཙང”བཅས་ཀྱི་སྲུང་སྐྱོང་དམག་འཐབ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་7622.8བཏང་ནས་གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་། ནགས་བཟོའི“སྔོན་སྐྲུན་རྗེས་གསབ”འདུ་འགོད་ལ་སྤྱད་དེ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ལེཌ་སུ་བཏང་ཞིང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་སྐུལ་མ་གཏིང་ཟབ་བཏང་ནས་2025ལོར་སླེབས་སྐབས་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་རྫོང་འཛུགས་གཏོད་ཀྱི་དམིགས་ཚད་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་རྩིས་ཡོད་པ་རེད།

    ཉིང་ཁྲི།

    མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱུང་བ།

    ཉིང་ཁྲིའི་ཉང་ཆུ་གཙང་པོའི་འགྲམ་དུ་སྐྱོད་སྐབས་ལྟ་ན་སྡུག་པའི་མཛེས་ལྗོངས་མིག་ལམ་དུ་འཆར་ནས་ཡིད་སེམས་དབང་མེད་དུ་འཕྲོག ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    གྲོང་གསེབ་ཀྱི་གཞུང་ལམ་ཀྱག་ཀྱོག་བརྒྱུད་ནས་བསྐྱོད་པ་ན། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་ལུང་འགོ་གྲོང་ཚོར་འབྱོར། “ལུང་འགོ་གྲོང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་རྨོ་ཞིང་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་སྔོན་ལ་ལག་བསྟར་བྱེད་པ། སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ཞིང་འབྲོག་དཔལ་འབྱོར་འཕེལ་རྒྱས་བཏང་ཡོད། སྔོན་ཆད་དུད་ཁྱིམ་ཚང་མས་རི་མགོ་ནས་ལྗོན་ཤིང་བཅད་ནས་མེ་ཤིང་བྱེད་ཀྱི་ཡོད་ཀྱང་། ད་ཆ་ཤིང་གང་བྱུང་དུ་གཅོད་མཁན་གཅིག་ཀྱང་མེད”ཅེས་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་ལུང་འགོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲེན་ལུའོ་ཡིས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། ལུང་འགོ་གྲོང་ཚོ་ནི་རྫ་ཡུལ་རྫོང་གི་སྐྱེ་ཁམས་སྡོད་མལ་དཔེ་སྟོན་གྲོང་ཚོ་ཞིག་ཡིན་ཞིང་། གྲོང་ཚོ་དེ་ས་མ་འབྲོག་གི་གྲོང་ཚོ་ཞིག་ཡིན་ཞིང་། སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་སྤེལ་བ་ལས། གྲོང་ཚོའི་ནང་མི་དང་ཕྱུགས་ཟོག་ལོགས་སུ་སྡོད་པ་དང་ཁང་པའི་རྒྱབ་མདུན་དུ་ཤིང་འབྲས་སྡོང་པོ་དང་རྩི་ཤིང་སོགས་རྐང་ཁྲི་1ལྷག་བཙུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།