དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ལྗོངས་ལྷ་སར་གསའ་ཨ་མས་གསའ་ཕྲུག་ཁྲིད་པའི་པར་ཐོག་མར་བརྒྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-10-26

    གསར་འགོད་པར་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ནང་སྐྱེ་ཁམས་རིག་གནས་སྲུང་སྐྱོང་ལྟེ་གནས་ཀྱི་ལས་དོན་པས་ཉེ་ཆར་དམར་ཕྱིའི་འོད་ཟེར་གྱི་བརྙན་པར་ལ་ལྟ་སྐབས། གསའ་ཨ་མ་དང་གསའ་ཕྲུག་གཉིས་མཐོང་བ་རེད། འདི་ནི་ལྷ་ས་གྲོང་ཁུལ་གྱི་ས་ཁོངས་ནང་གསའ་ཨ་མས་གསའ་ཕྲུག་ཁྲིད་པའི་པར་ཐོག་མ་དེ་ཡིན་པ་དང་། དེ་ལས་ལྷ་ས་གསའ་འཚོ་གནས་བྱེད་ས་ཡག་པོ་ཞིག་ཏུ་གྱུར་པ་མཚོན་གྱི་ཡོད་པ་རེད།

    ད་ཐེངས་པར་བླངས་པའི་གསའ་ཨ་མས་གསའ་ཕྲུག་ཁྲིད་ས་དེ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ནང་ལུང་ཤུར་གྱི་རྒྱབ་རིའི་རི་སྐེད་དུ་ཡིན་པ་དང་ས་བབ་མཐོ་ཚད་སྨི་5700ཙམ་ཟིན་གྱི་ཡོད། དེ་ཁུལ་དུ་བཙུགས་པའི་དམར་ཕྱིའི་འོད་ཟེར་གྱི་པར་ཆས་གཞན་ལྔ་ཡིས་འདི་ལོ་ཚུན་དུ་གསའ་ཡི་པར་རིས་མི་ཉུང་བ་ཞིག་བླངས་ཡོད་པ་རེད།

    པེ་ཅིང་སློབ་ཆེན་རང་བྱུང་སྲུང་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་རྒྱབ་སྐྱོར་འོག ལྷ་ས་གནས་ནང་ལུང་ཤུར་གྱིས་2021ལོ་ནས་བཟུང་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་བྱེད་པའི་ལས་དོན་སྤེལ་བ་དང་འབྲེལ། 2022ལོའི་ཟླ་3པར་གསའ་ཡི་པར་རིས་ཐེངས་དང་པོ་བླངས་པ་དང་། པར་ལེན་ས་དེ་ལྷ་ས་གྲོང་ཁྱེར་ལྟེ་གནས་དང་བར་ཐག་སྤྱི་ལེ་50ལྷག་ཙམ་ལས་མེད། ཞིབ་འཇུག་མི་སྣས་གསའ་ཡི་པར་རིས་ལ་དབྱེ་འབྱེད་བྱས་པ་བརྒྱུད་གནས་ནང་ལུང་ཤུར་ཁོངས་སུ་མིག་སྔར་ཉུང་མཐར་ཡང་གསའ་7ཁེར་རྐྱང་ངང་འཚོ་གནས་བྱེད་པ་ཤེས་རྟོགས་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།