ལྷ་ས་སྐྱིད་ཆུ་རྒྱུད་ཀྱི(སྟོད་ལུང་གི་ནུབ)སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ཚོད་ལྟའི་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ།
བྱེ་བཅོས་ལས་ལ་གཞོལ། གཙང་འགྲམ་གཡུ་ལོས་བརྒྱན།
འདི་ནི་ལས་མིས་ཆུ་རགས་ཉམས་བཟོ་བྱེད་བཞིན་པ།
ཉེ་ཆར། གསར་འགོད་པ་ལྷ་ས་སྐྱིད་ཆུ་རྒྱུད་ཀྱི་ལྷ་ཆེན་པོ་གླིང་ཕྲན་དུ་སྐྱོད་སྐབས། སྔོན་མ་ལྟར་གང་སར་རྡུལ་གྱིས་ཁེངས་པའི་རྣམ་པ་མཐོང་རྒྱུ་མེད་པར་གང་སར་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་ནས་ཡོད། འགྱུར་ལྡོག་འདི་ལྟ་བུ་ནི་ལྷ་ས་སྐྱིད་ཆུ(སྟོད་ལུང་གི་ནུབ)སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ཚོད་ལྟའི་ལས་གྲྭ་ལག་བསྟར་བྱས་པ་ལས་བྱུང་བ་ཞིག་རེད།
ཡར་ཀླུང་གཙང་པོའི་ཡན་ལག་ཆུ་བོ་ཆེ་ཤོས་དང་ལྷ་ས་མི་དམངས་ཀྱི“མ་ཡུམ་གཙང་པོ”ཡིན་པའི་ལྷ་ས་སྐྱིད་ཆུའི་སྐྱེ་ཁམས་མང་ཚོགས་ཀྱི་བདེ་རྩ་དང་འབྲེལ་བ་ཡོད། ཆུ་རགས་ལུག་པ་དང་། ས་ཆུ་ཤོར་བ། ཆུ་ལོག་ཐོན་པ་བཅས་རྐྱེན་གྱིས་བྱེ་ཐང་དུ་གྱུར་པའི་གནད་དོན་དེ་ལྷ་ས་སྐྱིད་ཆུའི་ལྷ་ཆེན་པོ་གླིང་ཕྲན་གྱི་དཀའ་གནད་ཆེན་པོ་ཞིག་ཏུ་གྱུར་ཡོད།
འདི་ལོའི་ཟླ་དང་པོར། ཀྲུང་གོ་ཆུ་གློག་རྨང་གཞི་ཅུས་ཀྱིས་སྐྲུན་འགན་འཁུར་བའི་ལྷ་ས་སྐྱིད་ཆུ་རྒྱུད་ཀྱི(སྟོད་ལུང་གི་ནུབ)སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ཚོད་ལྟའི་ལས་གྲྭ་དངོས་སུ་སྐྲུན་འགོ་ཚུགས་པའི་ནང་། ཆུ་རགས་འགོག་སྲུང་དང་བྱེ་གཤོང་རྒྱག་པའི་ལས་འགན་གཉིས་ཡོད་ཅིང་། ཆུ་རགས་འགོག་སྲུང་གི་རིང་ཚད་ལ་སྤྱི་ལེ་13.65དང་། བྱེ་གཤོང་གི་རྒྱ་ཁྱོན་མུའུ་3600ལྷག་ཙམ་ཟིན་གྱི་ཡོད་པ་རེད།
འདི་ནི་ཆུ་ལོག་དང་འགྲན་པའི་ལས་གྲྭ་ཞིག་རེད།
སྔོན་མའི་གནམ་གཤིས་ཀྱི་གནས་ཚུལ་ལ་གཞིགས་ན། ཟླ་6པར་ལྷ་ས་སྐྱིད་ཆུར་འབྲུབ་དུས་ཤར་ནས་ལྷ་ས་སྐྱིད་ཆུའི་ཆུ་ཁ་མཐོ་རུ་འགྲོ་བ་དང་ཆར་པ་བབས་རྐྱེན་བྱེ་བཤངས་ཀྱི་ལས་དོན་རྒྱུན་གཏན་ལྟར་སྤེལ་ཐུབ་ཀྱི་མེད་པ་རེད།
ལས་དུས་དམ་འཛིན་བྱ་ཆེད། རྣམ་གྲངས་སྐྲུན་མཁན་ཕྱོགས་ཀྱིས་ལྷ་ས་གྲོང་ཁྱེར་དང་ཉེ་འཁོར་གྱི་གྲོང་ཚོ་ཨུ་ལྷན་དང་འབྲེལ་གཏུག་ཐེངས་མང་བྱས་ནས་ཨར་ལས་རླངས་འཁོར་མཐུན་སྦྱོར་བྱས་ཏེ་འཕྲལ་མར་སྐྱེལ་འདྲེན་ལམ་བུ་བཟོས་པར་བརྟེན། ཟླ་2པར། སྐྱེལ་འདྲེན་རླངས་འཁོར་100ལྷག་ཙམ་དུས་གཅིག་ཏུ་ལས་གྲྭར་ཞུགས་ཐུབ་ཡོད།
ལོ་ཕྱེད་ཙམ་བཅོས་སྐྱོང་བྱས་པ་བརྒྱུད། འདི་ལོའི་ཟླ་བ་བདུན་པའི་ཟླ་མཇུག་ཏུ་ལས་གྲྭ་ཨ་མ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་སྟེ་འབྲུབ་དུས་ལས་བྱུང་བའི་གནོན་ཤུགས་ཐག་གཅོད་ཐུབ་ནས། ལས་གྲྭའི་སྤུས་ཚད་ཞན་དུ་མི་འགྲོ་བ་དང་ལས་དུས་ནར་འགྱངས་བྱེད་དགོས་བྱུང་མེད་ལ། ལྷ་ས་སྐྱིད་ཆུར(སྟོད་ལུང་དུམ་བུ)བྱེ་གསོག་དང་བྱེ་འགྱུར་གྱི་གནས་ཚུལ་བཅོས་སྒྲིག་ཐུབ་ཡོད། ཉེ་ཆར། ལྷ་ས་གྲོང་ཁྱེར་ལྷ་ཞབས་གླིང་ཕྲན་གྱི་ཆུ་རགས་ཉམས་བཟོའི་ལས་གྲྭ་ལེགས་གྲུབ་བྱས་པ་ལས། ལྷ་ས་སྐྱིད་ཆུའི(སྟོད་ལུང་གི་ནུབ)སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ཚོད་ལྟའི་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་མཚོན་ཡོད།
ལས་གྲྭ་ཧྲིལ་པོ་ལེགས་གྲུབ་བྱུང་བར་བརྟེན། ལྷ་ས་སྐྱིད་ཆུའི(སྟོད་ལུང་གི་ནུབ)བྱེ་འགྱུར་གྱི་གནད་དོན་ཚོད་འཛིན་ཐུབ་པ་དང་། བེད་མེད་ས་ཆ་མུའུ་8000ལྷག་ཙམ་ལྷ་ས་གྲོང་ཁྱེར་གྱི་འབྱུང་འགྱུར་ཤིང་འཛུགས་ནགས་བཟོ་རྒྱ་སྐྱེད་དང་སྐྱེ་ཁམས་ཀྱི་རྣམ་པ་ལེགས་སུ་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད།