འགྲིམ་འགྲུལ་གཞུང་ལམ་ལེགས་སུ་བཏང་། ཡུལ་སྐོར་ལམ་བར་བདེ་ཞིང་སྐྱིད།
རང་ལྗོངས་ཀྱིས་ཐབས་མང་མཉམ་དུ་སྤྱད་ནས་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་བ།
འདི་ལོ་ཚུན་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་བོད་ཀྱི་གཞུང་ལམ་གྱི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ཨ་མ་དང་ཡུལ་སྐོར་ལམ་ཐིག་གཙོ་བོ་ཤར་བགྲོད་འགན་ལེན་དང་འཕྲལ་སྡོམ་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། གཞུང་ལམ་ལམ་རྒྱུད་ཀྱི་ཞབས་འདེགས་ལེགས་སུ་དང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བཟོ་བ། སྐྱེལ་འདྲེན་ཁྲོམ་རའི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་ཐབས་མང་མཉམ་དུ་སྤྱད་དེ་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། ཡུལ་སྐོར་བར་ཐོབ་སྣང་དེ་བས་ཆེ་བ་ཡོང་གང་ཐུབ་བྱས་པ་རེད།
སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་ནས་ཡུལ་སྐོར་བ་ལམ་བར་བདེ་ཞིང་སྐྱིད་པར་བྱས་པ།
འདི་ལོ་ཚུན་རང་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་ཁྲོན་བོད་གཞུང་ལམ་རྒྱལ་ལམ་318བོད་ལྗོངས་དུམ་བུའི་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། “ལམ་གུག་72”ཀྱི་དཔའ་ཤོད་ཀྱི་ས་མཚམས་སྒྲོལ་བའི་ལམ་ཐིག་དང་། སྨར་ཁམས་ཀྱི་ས་མཚམས་སྒྲོལ་བའི་ལམ་ཐིག ཐེམ་ཐོག་གྲོང་ཚོ་ནས་གེ་ཡོ་གྲོང་ཚོའི་བར་གྱི་ལམ་དུམ(ལམ་རྙིང་པ་བཅོས་སྒྲིག) གནོད་འཚེ་ཕོག་ཁུལ་བཅོས་སྒྲིག གཡུ་ཕུག་ཤང་ནས་སྤོ་བོའི་བར་གྱི་ལམ་དུམ་སོགས་ཀྱི་རྣམ་གྲངས་སྔ་རྗེས་སུ་སྐྲུན་འགོ་ཚུགས་ཡོད། དེ་དང་ཆབས་ཅིག་ལྷ་གཞིས་མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ་216ཤིན་བོད་ས་མཚམས་ནས་སྒེར་རྩེ་བར་གྱི་ལམ་དུམ་བསྐྱར་སྐྲུན་ལས་གྲྭ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།
རང་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་རྣམ་གྲངས་འཆར་འགོད་འཛུགས་སྐྲུན་བྱེད་རིང་ཡུལ་སྐོར་ཞབས་ཞུའི་ནུས་པར་བསམ་གཞིགས་གང་ལེགས་བྱས་ནས། ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ལྟ་སྐོར་དང་། སྤྲོ་གསེང་། ཉམས་ལེན་བཅས་ཀྱི་ཆ་རྐྱེན་འཛོམས་པའི་གཞུང་ལམ་རྒྱུད་དུ་རླངས་འཁོར་འཇོག་ས་དང་ལྗོངས་གཟིགས་སྒང་སོགས་སྒྲིག་བཀོད་འོས་འཚམ་བསྐྲུན་ཡོད། བོད་ཀྱི་གཞུང་ལམ་གྱི་ཆ་རྐྱེན་མུ་མཐུད་ལེགས་སུ་ཕྱིན་པ་ལས་རྒྱ་ཆེའི་ཡུལ་སྐོར་བས་བོད་དུ་རླངས་འཁོར་བཏང་སྟེ་འགྲོ་སྐྱོད་བྱེད་པར་དེ་བས་བློ་བདེ་རུ་ཕྱིན་ཡོད། ལྷ་ས་ནས་མ་ཐོན་གོང་སྐུ་ཞབས་ཧོང་ལགས་ཀྱིས“བོད་ཀྱི་གཞུང་ལམ་གྱི་ཆ་རྐྱེན་ཡག་པོ་ཡོད་པས་སླད་ཕྱིན་ཡུལ་སྐོར་བ་དེ་བས་མང་བས་སྒེར་འཁོར་བཏང་སྟེ་བོད་དུ་ཡུལ་སྐོར་དུ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད།
རང་ལྗོངས་ཀྱི་ས་ཁོངས་སུ་རང་བྱུང་གནོད་འཚེ་ཐོན་མང་བ་དང་གནམ་གཤིས་འགྱུར་ལྡོག་ཆེ་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ། རང་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་བོད་ཀྱི་གཞུང་ལམ་དང་། ལྗོངས་ནང་ཁུལ་གྱི་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་གཙོ་བོ། ཡུལ་སྐོར་ལམ་ཐིག་གཙོ་བོ་བཅས་ཤར་བགྲོད་འགན་ལེན་དང་དེ་བཞིན་འཕྲལ་སྡོམ་འགན་ལེན་ལས་དོན་སྤེལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། འདི་ལོའི་ཟླ་བ་དང་པོ་ནས་བདུན་པའི་བར། ལྗོངས་ཡོངས་ཀྱི་གཞུང་ལམ་སྡེ་ཚན་གྱིས་རིམ་རྩིས་བྱས་ན་འཕྲལ་སྡོམ་ཤར་གཏོང་འགན་ལེན་ཐད་མི་ཐེངས་ཁྲི་1.49དང་འཕྲུལ་ཆས་སྒྲིག་ཆས་5543བཏང་ནས་སྤྱི་ཚོགས་ཀྱི་རླངས་འཁོར་ཁྲི་1.16དང་ཉེན་གྱར་མི་སྣ་ཁྲི་2.2ལ་རོགས་སྐྱོབ་བྱས་པ་རེད། ས་གནས་ཁག་གི་གཞུང་ལམ་སྡེ་ཚན་གྱིས་མི་དང་དངོས་པོ་ཤུགས་ཆེན་བཏང་སྟེ་ལས་དུས་འཕར་མ་བྱས་ནས་འཕྲལ་སྡོམ་ཉེན་སེལ་ཤར་བགྲོད་ལས་དོན་སྤེལ་བར། རང་བྱུང་གནོད་འཚེ་དང་གངས་ཆར་གནམ་གཤིས་ཀྱིས་རྐྱེན་པས་གཞུང་ལམ་འགག་པའི་གནས་ཚུལ་མི་ཐོན་པ་དང་ཡུལ་སྐོར་བ་གཞུང་ལམ་འགག་པ་ལས་དེ་གར་མི་ལུས་པའི་འགན་ལེན་བྱས་པ་རེད།
ཞབས་འདེགས་དང་མཁོ་སྤྲོད་ལེགས་སུ་བཏང་ནས་ཡུལ་སྐོར་བ་དེ་བས་བློ་ཡིད་ཚིམ་པོ་ཡོང་བར་བྱས་པ།
འདི་ལོ་ཚུན་རང་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས“ཡག་པོ་བཞིའི་གྲོང་གསེབ་ལམ”འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་དང་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་གྱི་འགན་དབང་གཤམ་ལ་སྤྲད་ནས་ལྗོངས་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་གྱི་གོམ་སྟབས་སྔར་བས་མགྱོགས་སུ་བཏང་ཡོད། ཟླ་7པའི་ཟླ་མཇུག་བར། གྲོང་གསེབ་ཀྱི་གཞུང་ལམ་མཐུད་འཛུགས་རྣམ་གྲངས་170བསྐྱར་དུ་ལས་འགོ་ཚུགས་པ་དང་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས་ཁྲོད་རྣམ་གྲངས་ཁག་49ལས་འགོ་ཚུགས་ནས། འདི་ལོའི་ལོ་མཇུག་ཏུ་ཤང་གྲོང་4དང་སྲིད་འཛིན་གྲོང་ཚོ་210ལ་ཨར་འདམ་ལམ་ཤར་གཏོང་ཐུབ་པ་དང་ཤང་གྲོང་དང་སྲིད་འཛིན་གྲོང་ཚོར་ལམ་ཤར་གཏོང་ཐུབ་ཚད་95.55%དང་82.53%ཟིན་པའི་བརྩོན་ལེན་བྱ་རྒྱུ་རེད།
ཡུལ་སྐོར་བར་བློས་འགེལ་ཆོག་པའི་འགྲིམ་འགྲུལ་སྐྱེལ་འདྲེན་འགན་ལེན་བྱེད་པ་དང་དུས་མཚུངས་རང་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་ཞབས་འདེགས་དང་མཁོ་སྤྲོད་ལེགས་སུ་གཏོང་བར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཡུལ་སྐོར་བར་ལམ་བར་དུ་དྲོ་སྐྱིད་ཚོར་བ་བྱས་ཡོད། འདི་ལོ་རང་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་གཞུང་ལམ་ཞབས་འདེགས་ཁུལ་དུ་བཙུགས་པའི“འགྲོ་འོང་བྱེད་མཁན་ཁ་ལོ་བ་དང་འགྲུལ་པའི་འཚོ་བའི་དངོས་ཟོག་མཁོ་སྤྲོད་ས་ཚིགས”ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས། དཀའ་ངལ་འཕྲད་པའི་ཁ་ལོ་བ་དང་འགྲུལ་པ་ཚོར་གཞི་རྩའི་འཚོ་བའི་དངོས་ཟོག་དང་འཕྲལ་སྡོམ་དངོས་ཟོག་སོགས་རིན་མེད་ངང་མཁོ་འདོན་བྱས་པ་དང་གཞུང་ལམ་བདག་སྐྱོང་ལས་བཟོས་ད་དུང་རིན་པ་སྤྲད་མི་དགོས་པར་ཡུལ་སྐོར་བར་རླངས་འཁོར་ཉམས་བཟོ་བྱེད་རོགས་བྱེད་ཀྱི་ཡོད། ཟླ་བ་དང་པོ་ནས་བདུན་པའི་བར། ལྗོངས་ཡོངས་ཀྱི་གཞུང་ལམ་ཞབས་འདེགས་ཁུལ་གྱིས་འགྲོ་འོང་བྱེད་མཁན་ཁ་ལོ་བ་མི་ཐེངས་ཁྲི་158ལྷག་ཙམ་ལ་སྣེ་ལེན་ཞུས་པ་རེད།
སྐབས་བསྟུན་ལྟ་འདོམས་ཤུགས་ཆེར་བཏང་ནས་ཡུལ་སྐོར་བ་རླངས་འཁོར་ལ་སྡོད་པར་དེ་བས་བློ་བདེ་པོ་ཡོང་བར་བྱས་པ།
ཡུལ་སྐོར་བ་བློ་བདེ་པོའི་ངང་རླངས་འཁོར་ལ་སྡོད་ཐུབ་པ་བྱ་ཆེད། འདི་ལོ་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་ཐོག་ཁྲིམས་འགལ་སྐྱེལ་འདྲེན་བྱེད་སྤྱོད་ལ་ཆེད་དོན་བཅོས་སྒྲིག་བྱས་ནས། འགྲོ་ལམ་སྐྱེལ་འདྲེན་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། ཆ་འཕྲིན་ཅན་གྱི་ལས་སྟེགས་ལ་བརྟེན་ནས་འགྲུལ་སྐྱེལ་འཁོར་རིགས་ལ་སྐབས་བསྟུན་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཡུལ་སྐོར་འགྲུལ་སྐྱེལ་གཉེར་སྐྱོང་བྱ་སྤྱོད་མུ་མཐུད་ཚད་ལྡན་དུ་བཏང་བ་རེད།
“ལྗོངས་ཕྱི་ནང་གི་རྒྱ་ཆེའི་འགྲུལ་པར་བློ་བདེ་བག་ཕེབས་ཀྱི་འགྲུལ་སྐྱེལ་ཞབས་འདེགས་ལོངས་སྤྱོད་ཐུབ་པ་བྱེད་དགོས་ལ་བོད་དུ་ཡུལ་སྐོར་བྱེད་རིང་གི་འགྲོ་སྐྱོད་བདེ་འཇགས་འགན་ལེན་ཡང་བྱེད་དགོས” ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱི་ཨུ་ཡོན་ཐིང་ཀྲང་གཞོན་པ་ལི་ཧྭ་ཆང་གིས། འདི་ལོ་ཚུན་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ། ཡུལ་སྐོར་འགྲུལ་སྐྱེལ་གྱི་བདེ་འཇགས་ཉེན་ཁ་སྔོན་འགོག་དང་བསལ་བ་དང་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་གཏན་འགོག་མཐའ་གཅིག་ཏུ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་ཡོད། མིག་སྔར་ལྗོངས་ཡོངས་སུ་ཡུལ་སྐོར་འགྲུལ་སྐྱེལ་ཁེ་ལས་17དང་རླངས་འཁོར་2700ལྷག་ཙམ་ཡོད་ཅིང་། སྐྱེལ་འདྲེན་བྱེད་ནུས་སྤྱིའི་ཆ་ནས་འདང་ངེས་ཡོད་པ་དང་བདེ་འཇགས་འགན་ལེན་དང་སྐྱེལ་འདྲེན་ཞབས་འདེགས་མུ་མཐུད་ངང་ལེགས་སུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།