དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • 《མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས》ཟླ་9ཚེས་1ཉིན་ནས་ལག་བསྟར་བྱེད་ཀྱི་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-31

    ཟླ་7ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པར《མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)ལ་འདེམས་ཤོག་ཆ་ཚང་ཐོབ་ནས་གྲོས་འཆམ་བྱུང་བ་རེད། དེ་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཁྲིད་སྟོན་དུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དང་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་སྐྲུན་པར་སྐུལ་འདེད་གཏོང་བའི་ཁྲིམས་འཛུགས་ཀྱི་བྱེད་ཐབས་གལ་ཆེན་གཞན་ཞིག་ཡིན་ཞིང་། ས་གནས་ཁྲིམས་འཛུགས་ལས་ཁུངས་ཀྱི་འགན་འཁྲི་རང་འགུལ་ངང་འཁུར་བ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》བོད་དུ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་རེད།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》2023ལོའི་ཟླ་4ཚེས་26ཉིན་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པར་གྲོས་འཆམ་བྱུང་བ་ཞིག་ཡིན་ཞིང་། 2023ལོའི་ཟླ་9ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་ཀྱི་ཡོད། རྒྱལ་ཁབ་ཀྱི་ཁྲིམས་འཛུགས་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲངས་ནས་བཅའ་ཁྲིམས་ལག་བསྟར་གྱི་ལས་དོན་ཡག་པོ་བསྒྲུབ་ཆེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《གཏན་འབེབས》ལག་བསྟར་གྱི་དུས་ཚོད་ཡང་2023ལོའི་ཟླ་9ཚེས་1ཉིན་ལ་གཏན་འཁེལ་བྱས་པ་རེད།

    《གཏན་འབེབས》ནང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དང་། ཁྲིམས་འཛུགས་འབྲེལ་མཐུད། ཁྲིམས་སྒྱུར་ནན་པོ། ཁྲིམས་ལྟར་ལྟ་སྐུལ། ཁྲིམས་འཛིན་འགན་ལེན་སོགས་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་ཡག་པོ་བྱེད་པར་གཏན་འབེབས་ནན་པོ་བྱས་ཡོད་པ་མ་ཟད། ཏང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་མཉམ་ཤུགས་ཆགས་པ་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱེད་པར་མཐུན་སྦྱོར་སྐུལ་འདེད་བཏང་སྟེ་བཅའ་ཁྲིམས་ལག་བསྟར་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་རྒྱ་ཁྱབ་ཆགས་པར་བྱེད་དགོས་པའི་བླང་བྱ་སྔར་བས་བཏོན་ཡོད་པ་རེད།

    《གཏན་འབེབས》ནང་བཀྲག་མདངས་འཚེར་ས་ཕྱོགས་བཞི་ཡོད་པ་སྟེ། གཅིག་ནས་གཏན་འབེབས་ཀྱི་ནང་དོན་བརྒྱུད་རིམ་ལྡན་ལ་ཆ་ཚང་བས་ཁྲིམས་འཛུགས་དང་། སྲིད་འཛིན། ཁྲིམས་འཛིན། ལྟ་སྐུལ། བཅའ་ཁྲིམས་ཁྱབ་གདལ་སོགས་རིམ་ངོས་ཁྱབ་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བདེ་བླག་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད། གཉིས་ནས་གོམ་སྟབས་རྗེས་མའི་ཁྲིམས་འཛུགས་ལ་ཁྲིམས་འཛུགས་ཀྱི་བར་མཐོངས་འདང་ངེས་བཞག་ཡོད་པ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་བཏོན་ནས་དུས་ཡུན་རིང་པོ་སོང་མེད་པས་ད་དུང་སློབ་སྦྱོང་དང་ཞིབ་འཇུག་བྱེད་དགོས་པའི་ཕྱོགས་མང་པོ་ཡོད་ཅིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་བཀོད་སྒྲིག་ལྟར་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་བཟོས་ཡོད་པ་རེད། གསུམ་ནས་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་གནས་ཚུལ་གསར་ཤོས་དུས་ཐོག་ཏུ་མཚོན་པར་བྱས་ཡོད་པ།《གྲོས་ཆོད(འཆར་ཟིན)》བརྡས་ཐག་གཅོད་རྒྱུར་མ་ཕུལ་གོང་འབྲེལ་ཡོད་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ཏེ།“8·15”རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོའི་ནང་དོན་དུས་ཐོག་ཏུ་འཆར་ཟིན་ནང་བཅུག་པ། བཞི་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་མཐོ་ས་གཅིག་གྱུར་བྱས་ཡོད་པ་བཅས་རེད།

    《གཏན་འབེབས》ནང་བརྒྱུད་རིམ་ལྡན་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་རིག་གནས་མ་ལག་དང་། སྐྱེ་ཁམས་དཔལ་འབྱོར་མ་ལག དམིགས་ཚད་ལས་འགན་མ་ལག སྐྱེ་ཁམས་ཤེས་དཔལ་ལམ་ལུགས་མ་ལག སྐྱེ་ཁམས་བདེ་འཇགས་མ་ལག་བཅས་ནུས་ཤུགས་ཡོད་རྒུས་བཙུགས་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།