དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རང་ལྗོངས་ཀྱིས་དྭངས་གཙང་ཆུ་བོ་སྲུང་སྐྱོབ་ཀྱི་ལས་དོན་ཧུར་ཐག་སྒྲུབ་པ།

    མིག་སྔར་ལྗོངས་ཡོངས་སུ་དྲི་ངན་བྲོ་བའི་བཙོག་ཆུའི་ཁྱབ་ཁོངས་གཅིག་ཀྱང་མེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-08-27

    སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་བརྒྱབ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་མཐའ་གཅིག་ཏུ་བརྟན་དུ་གཏོང་ཆེད། འདི་ལོ་ཚུན། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས《སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། འཚོ་བའི་བཙོག་ཆུ་བཅོས་སྐྱོང་དང་བཙོག་ཆུ་དྲི་ཅན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ཆུ་དྭངས་སྲུང་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་བརྒྱབ་པས། ཆུའི་ཁོར་ཡུག་དང་སྤུས་ཚད་ལེགས་སུ་ནུས་ལྡན་ཕྱིན་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་ཆེད་འདེགས་སྐྱོར་བརྟན་པོ་ཐུབ་ཡོད།

    བཙོག་ཆུ་གཙང་གསིང་གི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བའི་ཐད། རང་ལྗོངས་ཀྱིས་འཚོ་བའི་བཙོག་ཆུ་གཙང་གསིང་གི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་བཙོག་ཆུ་གཙང་གསིང་གི་ནུས་པ་མཐོ་རུ་བཏང་ནས་བཙོག་ཆུ་ཐད་ཀར་འབུད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཡོད། འདི་ལོ་རང་ལྗོངས་ཀྱིས་སྒོར་དུང་ཕྱུར་3.42བཏང་ནས་བཙོག་ཆུ་གཙང་གསིང་གི་སྒྲིག་བཀོད་རྣམ་གྲངས་12ལག་བསྟར་བྱེད་རྩིས་ཡོད། མིག་སྔར་རྣམ་གྲངས་12ཚང་མ་ལས་འགོ་བསྐྱར་དུ་ཚུགས་ནས་མ་དངུལ་སྒོར་དུང་ཕྱུར་3.26བཏང་བ་དེས་མ་དངུལ་གཏོང་རྩིས་ཡོད་པའི་བསྡོམས་འབོར་གྱི་95%བཟུང་བ་དང་བཙོག་ཆུ་ཉིན་རེར་གཙང་གསིང་བྱེད་ནུས་སྨི་རྒྱ་དཔངས་ཁྲི་3.45མང་དུ་བཏང་བ་དང་བཙོག་ཆུའི་མདོང་དྲ་སྤྱི་ལེ་48.37ལེ་ལག་ཚང་སྒྲིག་བྱུང་ཡོད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་། རྫོང་གྲོང་། དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་གཙང་གསིང་བྱེད་ཚད་96.57%དང་86.55%ཟིན་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་སྔ་སྣུར་དུ་ལེགས་སྒྲུབ་ཟིན་ཡོད།

    བཙོག་ཆུའི་མདོང་དྲ་འཛུགས་སྐྲུན་སྒྱུར་བཀོད་ལ་ཤུགས་རྒྱག་པའི་ཐད། རང་ལྗོངས་ཀྱིས་བཙོག་ཆུ་གཅིག་སྡུད་ཀྱི་མདོང་དྲ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་དང་བཙོག་ཆུའི་གཅིག་སྡུད་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་བཙོག་ཆུ་བསྡུ་དགོས་རིགས་བསྡུ་ཐུབ་ཡོད། ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ཆུ་འབུད་སྒྲིག་བཀོད་ཀྱི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་1.79དོན་འཁྱོལ་བྱས་ནས་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་གྱི་གྲོང་ཁུལ་གྱི་ཆར་ཆུ་དང་བཙོག་ཆུ་ཁག་བགོས་ཀྱི་དུས་ཐེངས་དང་པོའི་སྒྱུར་བཀོད་ལས་གྲྭ་སོགས་གྲོང་ཁྱེར་གྱི་ཆུ་འབུད་རྣམ་གྲངས་3དང་ཆུ་ཤུར་རྫོང་སོགས་རྫོང་གྲོང་7གྱི་ཆུ་འབུད་མདོང་དྲ་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་ནས་ཆུ་འབུད་མདོང་དྲ་གསར་པ་སྤྱི་ལེ་120བསྐྲུན(སྒྱུར་བཀོད)ཡོད། མིག་སྔར་ལྗོངས་ཡོངས་སུ་ཆུ་འབུད་མདོང་དྲའི་རིང་ཚད་བསྡོམས་སྤྱི་ལེ་2529ཟིན་ཞིང་། རྫོང་གྲོང་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛུགས་སྐྲུན་ཁུལ་གྱི་ཆུ་འབུད་མདོང་དྲ་ཁྱབ་ཚད་སྨི་ངོས་གྲུ་རེར་སྤྱི་ལེ་5.17ཟིན་གྱི་ཡོད།

    བཙོག་ཆུ་དྲི་ཅན་གྲལ་བཤེར་བཅོས་སྒྲིག་ཐད། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་གྲོང་ཁྱེར(ས་ཁུལ)ཁག་ལ་བཙོག་ཆུ་དྲི་ཅན་གྱི་གྲལ་བཤེར་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་2022ལོའི་རྨང་གཞིའི་ཐོག་གྲལ་བཤེར་གྱི་ཁྱབ་ཁོངས་རྫོང(ཆུས)74བར་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཚམས་དང་། གྲོང་རྡལ། དེ་བཞིན་བཙོག་ཆུ་གཙང་གསིང་བཟོ་གྲྭའི་ཉེ་འཁོར་ས་ཁོངས་ཀྱི་ཆུ་བོ་བཅས་ལ་གཙོ་གནད་གྲལ་བཤེར་བྱས་ཡོད། མིག་སྔར་རང་ལྗོངས་ཀྱི་རྫོང(ཆུས)74ཡི་འཛུགས་སྐྲུན་ཁུལ་དུ་བཙོག་ཆུ་དྲི་ཅན་མེད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།