དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • སྙེ་མོ་རྫོང་གིས།

    སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱས། གྲོང་གསེབ་དར་རྒྱས་རམ་འདེགས་བྱུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-18

    མི་ཕྱུགས་ལོགས་དབྱེ་དང་ཞིང་དུད་ཀྱི་གསང་སྤྱོད་སྒྱུར་བཀོད་ལས་གྲྭ་ནི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་བསྐྲུན་པའི་ལྡོག་མེད་ཀྱི་གདམ་ག་དང་། མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་འགན་སྲུང་བྱེད་པའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་རེད། མི་ཕྱུགས་མཉམ་སྡོད་དང་གསང་སྤྱོད་སྒྱུར་བཀོད་ནི་སྙེ་མོ་རྫོང་གི་སྡོད་མལ་ཁོར་ཡུག་ལེགས་གཏོང་གི་ཐད་ཀར་འབྲེལ་བ་ཆེ་ཤོས་དང་། དགོས་གཏུགས་ཆེ་ཤོས། འཕྲལ་དུ་ཐག་གཅོད་བྱེད་དགོས་པ་བཅས་ཀྱི་འགག་རྩའི་གནད་དོན་རེད།

    “ཏང་དང་སྲིད་གཞུང་གིས་ང་ཚོ་སྒྲིག་འཛུགས་བྱས་ནས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་ཞིང་དུད་ཀྱི་གསང་སྤྱོད་སྒྱུར་བཀོད་ཀྱི་སྲིད་ཇུས་དྲིལ་བསྒྲགས་གཅིག་སྡུད་ཐོག་ཉན་དུ་བཅུག་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། གཙང་ཞིང་གྲལ་འགྲིག་པའི་འཚོ་བའི་ཁོར་ཡུག་གིས་ང་ཚོའི་གཟུགས་གཞི་བདེ་ཐང་ལ་ཕན་པ་ཡོད་ལ་གྲོང་ཚོའི་རྣམ་པར་ཡང་འགྱུར་ལྡོག་ཆེན་པོ་འགྲོ་ངེས་རེད། ངའི་སེམས་ནང་རེ་འདོད་དང་རེ་སྨོན་གྱིས་ཁེངས་འདུག”ཅེས་སྙེ་མོ་རྫོང་མར་རྐྱང་ཤང་སྟབས་ཆུང་གྲོང་ཚོའི་གྲོང་མི་ཟླ་བས་བརྗོད།

    《བོད་རང་སྐྱོང་ལྗོངས་ཀྱི་མི་ཕྱུགས་ལོགས་དབྱེའི་ཇུས་གཞིའི》འབྲེལ་ཡོད་བླང་བྱ་དང་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། སྙེ་མོ་རྫོང་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་གཞིར་བཟུང་། སྙེ་མོ་རྫོང་གི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་ནས་གནས་འཕྲོད་ལས་འཚམ་གྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་སྐྲུན་ཆེད། སྙེ་མོ་རྫོང་གྲོང་གསེབ་དར་རྒྱས་ཅུས་ཀྱིས་ཤང་དང་གྲོང་རྡལ་དང་། གྲོང་ཚོ་དང་ཚོགས་ཆུང་ཁག་དང་མཉམ་དུ་གཟའ་མཇུག་གི་དུས་ཚོད་སྤྱད་དེ་ཤང་དང་གྲོང་རྡལ་8དུ་གཅིག་སྡུད་སྒྲོག་འགྲེལ་དང་ཁྱིམ་དུ་བསྐྱོད་ནས་ལོགས་དབྱེ་མཛུབ་ཁྲིད་བྱེད་པའི་ཐབས་ལམ་ལ་བརྟེན་ནས་ཤང་དང་གྲོང་རྡལ་དང་། གྲོང་ཚོ་དང་ཚོགས་ཆུང་ཁག་ཏུ་བསྐྱོད་དེ་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་ཞིང་དུད་ཀྱི་གསང་སྤྱོད་སྒྱུར་བཀོད་ཀྱི་སྲིད་ཇུས་སྒྲོག་འགྲེལ་ལས་དོན་སྤེལ་བ་རེད། སྒྱུར་བཀོད་ཀྱི་ཕྱུགས་རའི་རྒྱ་ཁྱོན་དང་། གྲུབ་ཆ། འཛུགས་སྐྲུན་བྱེད་ཡུན། མ་དངུལ་སྤྲོད་པའི་གོ་རིམ་སོགས་ཀྱི་ལས་ཀའི་གཙོ་གནད་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། ཤང་དང་གྲོང་རྡལ་དང་། གྲོང་ཚོ(གྲོང་ལྷན)ཁག་གིས“དུད་ཚང་གི་ཇུས་གཞི”བཟོས་ནས་ལས་ཀ་ནུས་ལྡན་ངང་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    “སྔོན་ཆད་ང་ཚོའི་ཁྱིམ་གྱིས་ཁང་པའི་མདུན་དུ་ས་དོང་ཞིག་འདྲུས་ནས་གསང་སྤྱོད་ཀྱི་ཚབ་བྱེད་ཀྱི་ཡོད། དབྱར་ཁ་སླེབས་དུས་དྲི་མ་ངན་པས་སྦྲང་བུ་ཧ་ཅང་མང་པོ་འཁོར་གྱི་འདུག ད་ཆ་ཏང་དང་སྲིད་གཞུང་གིས་མ་དངུལ་བཏང་ནས་ང་ཚོར་གསང་སྤྱོད་སྒྱུར་བཀོད་བྱེད་ཀྱི་རེད་བསམ་པ་བསམ་བློར་ཡང་འཁོར་མ་བྱུང་། སླད་ཕྱིན་སྟབས་བདེ་ལ་གཙང་སྦྲ་དོད་པའི་གསང་སྤྱོད་སྤྱོད་རྒྱུ་ཡོང་བར་སེམས་ནང་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་སྙེ་མོ་རྫོང་ཕུ་གསུམ་ཤང་ཕུ་གསུམ་གྲོང་ཚོའི་གྲོང་མི་ཉི་མས་བརྗོད།

    གསང་སྤྱོད་ཆུང་ཆུང་ནི་དམངས་འཚོ་ཆེན་པོ་དང་འབྲེལ་བ་ཡོད། མི་ཕྱུགས་ལོགས་དབྱེ་དང་ཞིང་དུད་ཀྱི་གསང་སྤྱོད་སྒྱུར་བཀོད་ལས་གྲྭས་གྲོང་མིའི་འཚོ་བའི་ཁོར་ཡུག་ཧ་ཅང་ལེགས་སུ་ཕྱིན་ཡོད་ལ་ཚང་མའི་ཤེས་དཔལ་དང་། བདེ་ཐང་། འཕྲོད་བསྟེན་བཅས་ཀྱི་འཚོ་བའི་གོམས་གཤིས་ཀྱང་གསོ་སྐྱོང་ཐུབ་ཡོད། ད་ཐེངས་སྲིད་ཇུས་སྒྲོག་འགྲེལ་བྱས་པ་ལས་སྙེ་མོ་རྫོང་གིས་འདི་ལོའི་ལོ་མཇུག་བར་ཞིང་འབྲོག་ཁུལ་གྱི་མི་ཕྱུགས་མཉམ་སྡོད་གནས་ཚུལ་སེལ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བ། ཁོར་ཡུག་མཛེས་ཤིང་གནས་འཕྲོད་ལས་འཚམ་གྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པ་བཅས་འགན་ལེན་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།

    གོམ་སྟབས་རྗེས་མར། སྙེ་མོ་རྫོང་གིས་ལས་ཀའི་མྱུར་ཚད་མགྱོགས་སུ་བཏང་ནས་སྒྱུར་བཀོད་ལས་འགན་ལེགས་གྲུབ་བྱེད་པ་དང་ཆབས་ཅིག་འཛུགས་སྐྲུན་དང་དོ་དམ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་གསང་སྤྱོད་སྒྱུར་བཀོད་རྗེས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་ཀྱི་གཙང་སྦྲ་དོད་པའི་གསང་སྤྱོད་ཀྱི་ཡུན་རིང་གི་དོ་དམ་ལམ་སྲོལ་འཛུགས་པ། འཕྲོད་བསྟེན་གཙང་སྦྲ་དང་རྗེས་མཐུད་ཉམས་གསོ་སོགས་དོ་དམ་སྲུང་སྐྱོང་ལམ་ལུགས་རབ་དང་རིམ་པ་བཟོས་ནས་འཐུས་སྒོ་ཚང་དུ་གཏོང་བ། གསང་སྤྱོད་སྦགས་བཙོག་གནོད་མེད་ཅན་གྱི་ཐག་གཅོད་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཞིང་དུད་ཀྱི་གསང་སྤྱོད་སྒྱུར་བཀོད་ལས་གྲྭར་ཡུན་རིང་ཕན་འབྲས་ཐོན་པའི་འགན་ལེན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།