དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བློ་གཅིག་སེམས་གཅིག་སྔོ་ལྗང་རི་ཀླུང་སྲུང་།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་ཐེངས་དང་པོ་འཆར་བའི་སྐབས་སུ་གནང་བའི་མཛུབ་སྟོན་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-18

    འདི་ནི་ལྷོ་ཁ་གྲོང་ཁྱེར་གྲི་གུ་རྩྭ་ཐང་དུ་རྐྱང་ཅི་དགར་རོལ་བཞིན་པ།

    འདི་ལོའི་ཟླ་8ཚེས་15ཉིན་ནི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་དང་པོ་དེ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ཡོངས་ཀྱིས་བྱ་སྤྱོད་སྤེལ་ཏེ། རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ཁྱབ་སྤེལ་གཏོང་མཁན་དང་ལག་ལེན་བསྟར་མཁན་གྱི་དཔེ་བཟང་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་ཡོད། དུས་རབས་གསར་པར་རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་པར་བརྟེན“རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི”འདུ་ཤེས་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་ངོས་འཛིན་དང་བྱ་སྤྱོད་དུ་གྱུར་ཡོད།

    “རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་བཙུགས་པ་ལས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་འཇོག་པའི་ཆོད་སེམས་བརྟན་པོ་སྔར་བས་མངོན་ཡོད། 2021ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་གྱི་ཟླ་བརྒྱད་པ་སྐྱེ་ཁམས་ཤེས་དཔལ་དྲིལ་བསྒྲགས་ཟླ་བར་གཏན་འཁེལ་བྱས་པ་དང་ཟླ་8ཚེས་15ཉིན་གྱི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་ཏག་ཏག་འཁེལ་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་པ་ཞིག་གི་ངོས་ནས་ང་ཚོས་དེ་གོ་སྐབས་སུ་བྱས་ཏེ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ས་གནས་ཁག་གིས་རང་སོ་སོའི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། སྤྱི་ཚོགས་ཡོངས་ཀྱིས་མཛེས་སྡུག་ལྡན་པའི་ཀྲུང་གོ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་མཉམ་དུ་སྐྲུན་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་ལ་སྐུལ་ལྕག་བྱེད་ཀྱི་ཡིན”ཞེས་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ལས་བྱེད་པ་ཝང་ཧུའེ་ཡིས་བཤད།

    རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་དང་པོ་འཆར་ཉེའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ནི་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ཞིག་དང་།ཏང་གི་འགན་འཁྲི་དང་དམིགས་ཡུལ་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག དམངས་འཚོའི་བདེ་རྩ་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་ཞིག་བཅས་རེད་ཅེས་ནན་བཤད་གནང་ཡོད།

    འདི་ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གྱི་ནགས་ཚལ་དང་རྩྭ་ཐང་སྡེ་ཚན་གྱིས་ནགས་དཔོན་ལམ་ལུགས་ལ་སྤྱི་འདོམས་མཐའ་འཁྱོངས་བྱས་ནས། གྲོང་ཁྱེར་དང་། རྫོང(ཆུས)ཤང(གྲོང་རྡལ)གྲོང་ཚོ(གྲོང་ལྷན)བཅས་རིམ་བཞིའི་ནགས་དཔོན་མ་ལག་ཕྱོགས་ཡོངས་ནས་བཙུགས་ཏེ་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་དང་། ནགས་ཚལ་དང་། རྩྭ་ཐང་། འདམ་ར་བཅས་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་དོ་དམ། དབྱར་རྩྭ་དགུན་འབུ་འཐུ་བ་དང་ཉོ་ཚོང་དོ་དམ། ནགས་ཚལ་དང་རྩྭ་ཐང་ཐོན་ལས་འཕེལ་རྒྱས་སོགས་གཙོ་གནད་ལས་དོན་ཁག་ཤུགས་ཆེན་སྤེལ་བ་མ་ཟད། འཛམ་གླིང་གི་འདམ་རའི་ཉིན་མོ་དང་། འཛམ་གླིང་གི་རི་སྐྱེས་སྲོག་ཆགས་རྩི་ཤིང་སྲུང་སྐྱོང་ཉིན་མོ། བྱེ་འགོག་བྱེ་བཅོས་ཉིན་མོ་སོགས་སུ་དྲིལ་བསྒྲགས་སློབ་གསོ་ཤུགས་ཆེན་སྤེལ་ཏེ། སྤྱི་ཚོགས་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཞུགས་པའི་རྣམ་པ་ཟབ་མོ་བཏོད་ཡོད། ད་ཆ་གྲོང་ཁྱེར་ཡོངས་སུ་ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་501.75དང་། ནགས་ཚལ་ཁེབས་ཚད་34.78% རྩྭ་ཐང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི་509.42 རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་78.04% འདམ་རའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་10.5 འདམ་ར་སྲུང་སྐྱོང་བྱེད་ཚད་15.34%བཅས་ཟིན་ཡོད། འདི་ལོའི་ཟླ་དྲུག་པར་རྒྱལ་ཁབ་ནགས་དཔོན་གཞུང་ལས་ཁང་གིས་ཆབ་མདོ་གྲོང་ཁྱེར་གྱི་ནགས་དཔོན་ལམ་ལུགས་ལ་བསྔགས་བརྗོད་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཕྱོགས་ཡོངས་དང་། ས་ཁོངས་ཡོངས། བརྒྱུད་རིམ་ཧྲིལ་པོ་བཅས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པར་བརྟེན་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དམངས་ཡོངས་ཀྱིས་མཉམ་གཏོད་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྣམ་པ་ཞིག་གཞི་རྩའི་ཆ་ནས་ཆགས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད།

    དེ་སྔ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤང་སྣེ་གྲོང་ཚོར་རྒྱུ་རྐྱེན་སྣ་ཚོགས་དབང་གིས་ཤུགས་རྐྱེན་ཕོག་པ་མ་ཟད། གྲོང་ཚོ་དེ་ཡར་ཀླུང་གཙང་པོ་དང་ཉང་ཆུ་གཙང་པོའི་སྦྲེལ་མཚམས་སུ་གནས་པའི་རྐྱེན་གྱིས་སྔོ་ཁེབས་ཉུང་བ་དང་། བྱེ་ས་ཅན་ཧ་ཅང་ཚབས་ཆེན་པོ་ཡོད། དཔྱིད་ཀ་དང་སྟོན་དུས་སུ་བྱེ་རླུང་གང་སར་ལྡང་བ་མ་ཟད། ཆུ་ལོག་གི་གནོད་འཚེ་ཐོན་ནས་ཉེ་འཁོར་གྱི་གྲོང་མིའི་ཐོན་སྐྱེད་དང་འཚོ་བར་ཉེན་ཁ་བཟོ་གི་ཡོད། དེར་བརྟེན་ས་གནས་སྲིད་གཞུང་གིས“སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་པའི”འདུ་ཤེས་མཐའ་འཁྱོངས་བྱས་ཏེ། འདམ་ར་སླར་གསོ་དང་སྲུང་སྐྱོང་སོགས་ཀྱི་འདུ་འགོད་ལག་ལེན་བསྟར་ནས་འདམ་ར་སྲུང་སྐྱོང་གི་ནུས་པ་རིམ་བཞིན་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བས། ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་མཐའ་འཁོར་གྱི་མང་ཚོགས་རྣམས་བྱེ་འགོག་ནགས་བཟོའི་འདུ་འགོད་ལ་ཧུར་ཐག་ཞུགས་ཡོད།

    ལོ་བཅུ་གྲངས་རིང་ཤིང་འཛུགས་ནགས་བཟོ་བྱས་པ་བརྒྱུད། ད་ཆ་བྱེ་རླུང་ལྡང་བའི་གནམ་གཤིས་ཉུང་དུ་ཕྱིན་པ་མ་ཟད། ཉེ་འཁོར་གྱི་གྲོང་མིའི་སྡོད་ཁང་གི་ཁོར་ཡུག་ཀྱང་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་ཀྱི་ལས་གནས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་དང་། ནགས་སྲུང་བའི་དཔུང་ཁག་གི་གཞི་ཁྱོན་ཆེ་རུ་གཏོང་བ། མང་ཚོགས་ཧུར་ཐག་ཞུགས་པ། དམངས་ཡོངས་ཀྱིས་ནགས་སྲུང་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤང་སྣེ་གྲོང་ཚོའི་ནགས་སྲུང་བ་ཕུར་བུ་རྡོ་རྗེས་ཀྱང་འབོད་སྐུལ་ལ་བརྡ་ལན་ཞུས་ཏེ་2020ལོར་ནགས་སྲུང་གི་ལས་འགན་ཕྲག་ཏུ་ཁུར།

    “རྒྱལ་ཁབ་ཀྱིས་སྐྱེ་ཁམས་ཉིན་མོ་བཙུགས་པ་ལས། རྒྱལ་ཁབ་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་སྔར་བས་མཐོང་ཆེན་གནང་བ་གསལ་བཤད་ཐུབ་ཀྱི་ཡོད། ཡར་ཉང་འདམ་རའི་སྤྱི་གླིང་དུ་ནགས་སྲུང་བ་དང་སྐོར་གཡེང་བ་56ཡོད། ང་ནགས་སྲུང་བ་ཞིག་ཏུ་གྱུར་པར་སྤོབས་པ་སྐྱེ་ཡི་འདུག ངས་སྔོ་ལྗང་རི་ཀླུང་སྲུང་སྐྱོང་བྱེད་ཀྱི་ཡིན། ད་ཆ་ངས་རི་ལམ་དུ་ཡོད་པའི་ཤིང་སྐམ་པོ་བསྒྲུགས་ནས་མེ་ཟོན་སྔོན་འགོག་དང་། ནགས་ཚལ་དུ་གནོད་འབུ་ཡོད་མེད་ལྟ་བ། རི་སྐྱེས་སྲོག་ཆགས་ལྐོག་རྔོན་རྒྱག་མཁན་དང་ཤིང་གཅོད་མཁན་ཡོད་མེད་ལྟ་བ་བཅས་བྱེད་ཀྱི་ཡོད། རང་འཁྲིའི་ལས་ཀ་ཡག་པོ་བསྒྲུབས་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཀྱི་ཡིན”ཞེས་ཕུར་བུ་རྡོ་རྗེས་རང་ཉིད་ཀྱི་ལས་དོན་གྱི་སྐོར་ལ་འདི་ལྟར་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།