དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོ།

    ཁམ་བུའི་མེ་ཏོག་ཁྲོད་ཀྱི་བདེ་སྐྱིད་འཚོ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-14

    ཉང་ཆུའི་ངོགས་ཀྱི་མུ་ལ་མུ་ཁྱུད་ཀྱི་སྔོ་ལྗང་རི་བོའི་ཁྲོད། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་བོད་བཟོའི་སྡོད་ཁང་སྟར་ཆགས་སུ་གནས་ཤིང་། གྲོང་ཚོའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགྲེམས་སྟོན་ཁང་དུ་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་ལྟ་སྐོར་དུ་ཡོང་བའི་ཡུལ་སྐོར་བ་ཚོར་སྣེ་ལེན་ཞུ་བའི་ལས་ལ་བྲེལ་བཞིན་འདུག འགྲེམས་ཁང་དེ་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་གྲོང་ཚོ་རིམ་པའི་འགྲེམས་ཁང་དང་པོ་དེ་ཡིན་ཞིང་། དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོར་གཟིགས་ཞིབ་གནང་སྐབས་ཀྱི་འབྲེལ་ཡོད་གནས་ཚུལ་ཡང་བཀོད་ཡོད་པ་རེད།

    2021ལོའི་ཟླ་7ཚེས་21ཉིན། སྤྱི་ཁྱབ་ཧྲུའུ་ཅིས་བོད་ལྗོངས་ཉིང་ཁྲིར་གཟིགས་ཞིབ་དང་བརྟག་ཞིབ་གནང་ཞིང་། ཉིན་དེའི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་དམངས་ཕན་ཞབས་ཞུ་ལྟེ་གནས་དང་། “ལྗང་མདོག་དངུལ་ཁང”གི་བརྗེ་སྒྱུར་ཚོང་ཁང་། འཕྲོད་བསྟེན་ཁང་སོགས་སུ་ཕེབས་ནས་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ད་དུང་གྲོང་མི་ཟླ་བ་རྒྱལ་མཚན་གྱི་ཁྱིམ་དུའང་ཕེབས་པ་རེད།

    ལོ་གཉིས་ནི་ཡུད་ཙམ་རིང་འདས་ཟིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅིས་གཟིགས་ཞིབ་གནང་སྐབས་ཀྱི་མངགས་བཅོལ་ཟབ་མོ་དང་བྱམས་བརྩེའི་ཐུགས་ཁུར་ཀ་ལ་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བཞིན་ཡོད།

    2021ལོའི་ཟླ་8པར། ཀ་ལ་གྲོང་ཚོས“སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སུ་དམ་པོར་བསྙེགས་ནས‘སྲུང་སྐྱོང་གཉིས’ཐུབ་པའི་ཏང་གཤིས་སློབ་གསོའི་བྱེད་སྒོ་སྤེལ་ཡུལ”བཏོད་པའི་ནང“ཀ་ལ་གྲོང་ཚོའི‘ཕྱུག་འགྱུར་གསང་ཨང’འཚོལ་ཞིབ་བྱེད་པ”དང“བསྐྱར་དུ་བསྐྱོད་པའི‘རྟོག་ཞིབ་ལམ་བུ’” “‘ཞི་ཅིན་ཕིང་གི’བརྩེ་སེམས” “མངགས་བཅོལ་བློ་ལ་འཆང་བར‘སེམས་ནས’འགོ་ཚུགས་པ”བཅས་ཆ་ཤས་བཞི་ཚུད་ཡོད་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་འགྲེལ་བཤད་ཀྱི་འགན་འཁུར་ཡོད། 2022ལོའི་ཟླ་གསུམ་པར་ཀ་ལ་གྲོང་ཚོའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགྲེམས་སྟོན་ཁང་སྒོ་ཕྱེ་བ་དང་མིག་སྔར་ཏང་ཀྲི་པུའུ་700ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་པ་རེད།

    “སྤྱི་ཁྱབ་ཧྲུའུ་ཅིས་གཟིགས་ཞིབ་གནང་སྐབས་ཚང་མའི་ཟས་གོས་སྡོད་གསུམ་གྱི་ཆ་རྐྱེན་གང་འདྲ་ཡོད་མེད་དང་། ཡོང་འབབ་ཇི་ཙམ་ཡོད་མེད། བཅོལ་དངུལ་ཡོད་མེད། མཛོད་ཁང་ནང་འབྲུ་རིགས་ཡོད་མེད་བཅས་ལ་ཐུགས་ཁུར་གཟབ་བཞེས་གནང་གི་ཡོད”སྤེན་པས། ཀ་ལ་གྲོང་ཚོར་ད་ཆ་དུད་ཚང་33དང་མི་150ཡོད་པ་དང་འདི་ལོའི་ལོ་སྟོད་དུ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་700ལྷག་ཙམ་ཟིན་པ་དང་། ལོ་གཉིས་རིང་ཁམ་བུའི་མེ་ཏོག་མཛེས་ལྗོངས་ཁུལ་སོགས་ཀྱི་ཡོང་འབབ་12.9%འཕར་ཡོད་ལ། གྲོང་ཚོར་གྲོང་གསེབ་དར་རྒྱས་ཀྱི་རོགས་སྐྱོར་རྣམ་གྲངས་ཀྱང་རག་ནས་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལ་སྲུང་སྐྱོང་དང་། དྲ་ཐོག་མིང་ཅན་གྱི་ཡུལ་སྐོར་བྱ་ཡུལ། འཛད་སྤྱོད་ཐེངས་གཉིས་པའི་སྒྲིག་ཆས་བཅས་ཚང་མ་སྐྲུན་བཞིན་ཡོད། ད་ཆ་གྲོང་ཚོའི་འཚོ་བའི་སྤྱོད་ཆུ་དྭངས་གསིང་གི་གནད་དོན་ཡང་ཐག་གཅོད་ཐུབ་ནས་ས་འོག་ཏུ་མདོང་ལམ་ཁྲིད་པའི་ལས་ཀ་ཟླ་འདིར་ལེགས་གྲུབ་ཐུབ་རེ་ཡོད་ཅེས་བཤད།

    དུས་རབས་20པའི་ལོ་རབས་80པར་ཀ་ལ་གྲོང་ཚོའི་གྲོང་མི་མང་ཆེ་བས་ཤིང་བཅད་ནས་འཚོ་བ་སྐྱེལ་གྱི་ཡོད། ད་ཆ“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”དགོངས་པའི་མཛུབ་ཁྲིད་འོག་ཀ་ལ་གྲོང་ཚོའི་མང་ཚོགས་ཚོས“རི་དང་ཆུ་བོར་བརྟེན་པའི”བྱེད་ཐབས་གཞན་ཞིག་ལ་བརྟེན་པས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱུང་ཡོད། ལོ་ལྟར་གྱི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་རིང་ཡུལ་སྐོར་བ་མང་པོ་ཡོད་པ་ཙམ་མ་ཡིན་པར་ལོ་འགོ་ནས་ལོ་མཇུག་བར། ཀ་ལ་གྲོང་ཚོའི་མཛེས་ཤིང་ལྟ་ན་སྡུག་པའི་མཛེས་ལྗོངས་ལ་ལྟ་བར་ཡོང་བའི་ཡུལ་སྐོར་བ་རྒྱུན་ཆད་མྱོང་མེད།

    “འདི་ལོར་ཁམ་བུའི་མེ་ཏོག་ཡག་པོ་བཞད་པས་ཡུལ་སྐོར་བ་མང་པོ་སླེབས་བྱུང་ལ། ས་ཞིང་ནང་བཤུག་སོགས་ཀྱི་ཡོང་འབབ་ཀྱང་མང་དུ་ཕྱིན་པས་ངའི་ཁྱིམ་ལ་ལོ་མཇུག་ཏུ་ཡོང་འབབ་བགོ་བཤའ་སྒོར་ཁྲི་10ཙམ་རག་བཟོ་འདུག གོམ་སྟབས་རྗེས་མར་ངས་ཁྱིམ་གྱི་ཁང་མིག་སྟོང་པ་དེ་དག་ཁྱིམ་ཚང་མགྲོན་ཁང་དུ་སྒྱུར་གྱི་ཡིན”གྲོང་མདོ་དང་མི་རིང་བའི་སར་གྲོང་མི་ཟླ་བ་རྒྱལ་མཚན་གྱིས་གསར་འགོད་པར་དེ་ལྟར་བཤད།

    བཅར་འདྲི་མཇུག་འགྲིལ་སྐབས་གསར་འགོད་པར་སྒོ་རའི་ནང་བཏབ་པའི་སེའུ་དམར་དང་པ་ལུམ་ལ་འབྲས་བཟང་སྨིན་པ་ལས་དྲི་ཞིམ་འཐུལ་བྱུང་། ཟླ་བ་རྒྱལ་མཚན་གྱི་ཁྱིམ་དུ་འདི་ལོ་སླར་ཡང་ལོ་ལེགས་ཡོང་ངེས་ཡིན་པ་གཏན་འཁེལ་བྱེད་ཐུབ། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།