དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • གསོན་ཤུགས་རབ་ཏུ་རྒྱས་པའི་སྦྱིན་ཀླུ་སྡེ་ཁུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།   ཉི་མ་ཚེ་རིང་། ཚེ་བརྟན་རྡོ་རྗེ། བདེ་སྐྱིད་གཡང་འཛོམས། བདེ་ཆེན་དགྲ་འདུལ། སྐལ་བཟང་སྒྲོལ་མ།   |     སྤེལ་དུས།  2023-08-08

    ཆུ་བུར་མིག་གི་མཐོང་ཆོས་སུ་སྣང་བའི་སྦྱིན་ཀླུ་སྡེ་ཁུལ་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་གྱི་ཁོངས་སུ་གནས་པ་དང་། ལྷ་ས་ནས་བར་ཐག་སྤྱི་ལེ་134ཙམ་ཆོད་ཡོད། ལྗང་མདོག་གི་ར་བས་བསྐོར་བའི་སྦྱིན་ཀླུ་སྡེ་ཁུལ་ནི་རྒྱལ་ཡོངས་ཀྱི་ཤེས་དཔལ་ཤང་གྲོང་དང་རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་ཤང་གྲོང་གི་མཚན་སྙན་ཐོབ་མྱོང་ཡོད་པའི་སྡེ་ཁུལ་ཞིག་ཡིན་སྟབས། སྡེ་ཁུལ་དེར་རྒྱ་ཆེའི་མང་ཚོགས་ཚོས་མགྲིན་གཅིག་ཏུ་བསྔགས་བརྗོད་བྱེད་བཞིན་མཆིས།

    འདི་ནི་སྦྱིན་ཀླུ་སྡེ་ཁུལ་གྱི་རྣམ་པ་ཡིན་པ།

    སྡེ་ཁུལ་གྱི་མིག་སྔའི་གཞི་རྩའི་གནས་ཚུལ་ལ་གཞིགས་ན། སྡེ་ཁུལ་གྱི་ཁོངས་གཏོགས་སུ་གྲོང་མིའི་ཚོགས་ཆུང་3དང་། ཁྱིམ་དུད་191 མི་གྲངས་803 རྨོ་ཞིང་རྒྱ་ཁྱོན་མུའུ་16863 ནགས་སའི་རྒྱ་ཁྱོན་མུའུ་40125 རང་བྱུང་རྩྭ་ར་མུའུ་102930 ཁང་སའི་རྒྱ་ཁྱོན་སྨི་ངོས་གྲུ་75629 ཕྱུགས་རིགས་མགོ་གྲངས་75320བཅས་ཡོད་པ་དང་། 2022ལོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་24256ལྷག་ཙམ་ཟིན་གྱི་ཡོད་པ་རེད།

    ལུང་པའི་ཕུ་ནས་མདའ་རུ་སྤོས། འཚོ་བའི་སྤུས་ཚད་གོང་མཐོར་ཕྱིན།

    2001ལོར་སྦྱིན་ཀླུ་སྡེ་ཁུལ་ལུང་པའི་ཕུ་ནས་མདའ་ལ་གནས་སྤོས་བྱེད་འགོ་ཚུགས་ཤིང་། གནས་སྤོས་མ་བྱས་གོང་། མང་ཚོགས་རྣམས་ལུང་པའི་ཕུ་ལ་འཚོ་བ་སྐྱེལ་སྐབས་འཚོ་རྟེན་གཙོ་བོ་ནི་ཞིང་འབྲོག་ལས་ཡིན་པ་དང་། ཕར་འགྲོ་ཚུར་འོང་བྱེད་སྐབས་འགྲིམ་འགྲུལ་སྟབས་བདེ་མེད་ཁར། འཐུང་ཆུ་ཡང་གཙོ་བོ་ཐག་རིང་གི་ཆུ་མིག་ལ་བརྟེན་དགོས་ཀྱི་ཡོད་པ་རེད། འཚོ་གནས་ཀྱི་ཁོར་ཡུག་དང་རང་བྱུང་གི་མཐུན་རྐྱེན་ཤིན་ཏུ་ཞན་སྟབས། མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་919ཙམ་ཡང་ཟིན་གྱི་མེད། 2001ལོར་བདེ་སྡོད་ལས་གྲྭར་བརྟེན་ནས་མང་ཚོགས་རྣམས་ལུང་པའི་ཕུ་ནས་མདའ་ལ་སྤོས་ཆོག་ཀྱང་། སྐབས་དེར་མང་ཚོགས་མི་ཉུང་བ་ཞིག་གི་སེམས་སུ་རང་ཉིད་སྐྱེ་ས་འཚར་ས་འདི་གར་ཡིན་པས་ལུང་པའི་མདའ་ལ་སྤོས་ན་ཕྱིས་སུ་གང་འདྲ་བྱུང་ཡོང་བསམས་ནས་མུ་མཐུད་ལོ་ཁ་ཤས་རིང་ལུང་པའི་ཕུ་ལ་འཚོ་བ་སྐྱེལ་ནས་བསྡད་པས། མང་ཚོགས་ཡོངས་སུ་རྫོགས་པ་ལུང་པའི་ཕུ་ནས་མདའ་ལ་སྤོས་པར་2001ནས་2006བར་ཁྱོན་ལོ་6ཙམ་འགོར་བ་རེད། ད་ལྟ་མང་ཚོགས་ཚོའི་འཚོ་རྟེན་ཡང་ཞིང་འབྲོག་ལས་ཀྱི་རྨང་གཞིའི་ཐོག་ཚོང་ལས་དང་སྐྱེལ་འདྲེན་སོགས་ལ་བརྟེན་ནས་ཡོང་འབབ་གསོག་པར་བྲེལ་བཞིན་མཆིས། མང་ཚོགས་རྣམས་ལུང་པའི་མདའ་རུ་སྤོས་རྗེས་སྲིད་ཇུས་བཟང་པོའི་འོད་སྣང་དང་རང་གི་འབད་བརྩོན་འོག་སྔོན་ཆད་འཐུང་ཆུ་ལེན་དཀའ་བ་དང་། འགྲིམ་འགྲུལ་སྟབས་བདེ་མེད་པ། ཡོང་འབབ་ཉུང་བའི་དཀའ་གནད་བཅས་རེ་རེ་བཞིན་བསལ་ཡོད། ད་ཆ་མི་གྲངས་803ཚང་མ་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པར་སྤོས་པ་དང་། ཁྱིམ་དུད་རེའི་ཁང་པའི་རྒྱ་ཁྱོན་ལ་ཆ་སྙོམས་བྱས་ན་སྨི་ངོས་གྲུ་300ལྷག་ཙམ་ཟིན་གྱི་ཡོད།

    འདི་ནི་ཕྱུག་འགྱུར་སྣེ་ཁྲིད་པ་རྡོ་རྗེ་ཚེ་རིང་ཡིན་པ།

    མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་། སྦྱིན་ཀླུའི་མང་ཚོགས་ཕྱུག་འགྱུར་བྱུང་།

    ནུས་ཤུགས་ཡོད་རྒུས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་ནི་མང་ཚོགས་ལ་ཁེ་ཕན་བསྐྲུན་པའི་ཐབས་ལམ་བཟང་པོ་ཞིག་ཡིན། སྦྱིན་ཀླུ་སྡེ་ཁུལ་ཏང་ཀྲི་པུའུ་ཧྲུའུ་ཅི་པདྨ་དར་རྒྱས་ནི་བྱ་ཐབས་གསར་གཏོད་ཀྱིས་མཉམ་སྡེབ་དཔལ་འབྱོར་སྐྱེད་སྲིང་ལ་ནུས་པ་གང་ལེགས་འདོན་མཁན་ཞིག་ཡིན། མཉམ་སྡེབ་དཔལ་འབྱོར་བརྒྱུད་ནས་ཐུན་མོང་ཕྱུག་འགྱུར་ཡོང་བའི་སླད། 2017ལོ་ནས་སྦྱིན་ཀླུ་སྡེ་ཁུལ་གྱིས་སྣེ་གདོང་ཆུས་སོ་ཐང་མ་འཇོག་ཚད་ཡོད་ཀུང་སིར་མ་རྩ་སྒོར་ཁྲི་100ཙམ་བཞག་པས། ད་ཆ་ལོ་ལྟར་ཁྲི་བཅུ་ཕྲག་ཁ་ཤས་ཀྱི་ཡོང་འབབ་ཡོང་གི་ཡོད། ལྷོ་ཁ་གྲོང་ཁྱེར་ཤིང་ཧོ་ཚོང་ཟོག་ཨར་འདམ་ཚད་ཡོད་ཀུང་སི་དེ་སྦྱིན་ཀླུ་སྡེ་ཁུལ་གྱི་ཉེ་འཁོར་དུ་ཡོད་པས། སྦྱིན་ཀླུ་སྡེ་ཁུལ་གྱི་ལས་དོན་མི་སྣས་གོ་སྐབས་བཟང་པོ་དེ་སྤྱད་ནས། རང་སྡེ་ཁུལ་གྱི་དུད་ཚང་55ཡི་མོ་ཊ་ཆེ་བ་55ཨར་འདམ་ཚད་ཡོད་ཀུང་སིར་དབོར་འདྲེན་གྱི་ལས་ལ་ཞུགས་སུ་བཅུག་པ་རེད། དེ་བཞིན་པདྨ་དར་རྒྱས་ཀྱིས་གསར་འགོད་པར“མཉམ་སྡེབ་དཔལ་འབྱོར་གྱི་མ་དངུལ་བེད་སྤྱོད་བཏང་སྟེ་ལྷོ་ཁ་གྲོང་ཁྱེར་ཧྲེང་ལིས་དུས་རབས་ཐང་ཆེན་ནས་ཚོང་ཁང་9ཉོས་པ་རྣམས་རྒྱ་ཁོག་ཟ་ཁང་ཆེན་པོ་ཞིག་འཛུགས་རྩིས་ཡོད། དེས་རང་སྡེ་ཁུལ་གྱི་མང་ཚོགས་ལ་འབབ་འཕར་ཡོང་བའི་རེ་བ་ཆེན་པོ་ཡོད”ཅེས་བཤད། གོང་གི་བྱ་ཐབས་དེ་དག་ནི་གྲོང་གསེབ་དར་རྒྱས་དང་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བའི་བྱ་ཐབས་བཟང་པོ་ཞིག་ཡིན་པ་གདོན་མི་ཟ།

    སྦྱིན་ཀླུ་སྡེ་ཁུལ་ཏང་ཀྲི་པུའུ་ཧྲུའུ་ཅི་པདྨ་དར་རྒྱས་ཀྱིས་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་ལ་དོ་སྣང་ཆེན་པོ་བྱེད་པ་མ་ཟད། ཕྱུག་འགྱུར་སྣེ་ཁྲིད་པ་སྐྱེད་སྲིང་ལ་ཡང་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། རྡོ་རྗེ་ཚེ་རིང་ནི་སྡེ་ཁུལ་དེའི་ཕྱུག་འགྱུར་སྣེ་ཁྲིད་པའི་གྲས་ཤིག་ཡིན། སྔོན་ཆད་བོད་ཀྱི་ས་གནས་ཁག་ཏུ་རླངས་འཁོར་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་འགྲོ་མཁན་གྱི་མང་ཚོགས་མི་ཉུང་བ་མཐོང་རྒྱུ་ཡོད་པས། རྡོ་རྗེ་ཚེ་རིང་ལ་རླངས་འཁོར་ཞིག་ཉོས་ནས་རང་ཡུལ་དུ་དབོར་འདྲེན་གྱི་ལས་ལ་ཞུགས་རྒྱུའི་འདུན་པ་ཡོད་ཀྱང་། སྐབས་དེར་ཁྱིམ་ཚང་གི་འཚོ་ཚིས་དེ་ཙམ་ཡག་པོ་མེད་སྟབས། རླངས་འཁོར་ཉོ་རྒྱུ་ནི་སྤྲོས་བྲལ་རང་རེད། འོན་ཀྱང་རླངས་འཁོར་ཞིག་ཉོ་ཐུབ་ན་སྙམ་པའི་རེ་འདུན་དྲག་པོ་དེ་ཁོག་ནང་མེ་ལྟར་འབར་བས། ཁོང་གིས་དཀའ་སྡུག་གདོང་གིས་བསུས་ནས་2013ལོར་ལྕགས་གཞོང་རླངས་འཁོར་རྙིང་པ་ཞིག་ཉོས། རླངས་འཁོར་ཉོས་རྗེས་ཁོང་གིས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་གང་ས་གང་དུ་སྐྱོད་དེ་ས་རྡོ་དབོར་བ་སོགས་ཀྱི་ལས་ལ་འབད་པ་ལྷུར་ལེན་བྱས་པས། ཡོང་འབབ་ཀྱང་ཡག་པོ་བྱུང་བ་དང་འཚོ་བའི་སྤུས་ཚད་རིམ་བཞིན་ལེགས་སུ་ཕྱིན། མིག་སྔར་ཁོང་ལ་ལྕགས་གཞོང་རླངས་འཁོར་གཉིས་དང་། རྐོ་འདྲུའི་འཕྲུལ་འཁོར་ཆེ་བ་གཅིག་དང་ཆུང་བ་གཅིག རྡོ་འདམ་དཀྲུག་འཁོར་གཅིག་བཅས་ཡོད་པ་རེད། ད་ལྟ་ཁོང་གི་དཀའ་སྤྱད་ཀྱི་བརྒྱུད་རིམ་ལ་ལྟ་སྐབས། ལྕགས་གཞོང་རླངས་འཁོར་རྙིང་པ་དེ་ཉོས་རྗེས་ཁོང་གི་འཚོ་བའི་ཐད་ཤོག་ལྷེ་གསར་པ་ཞིག་ཁ་ཕྱེ་ཡོད་པ་རེད།

    རྡོ་རྗེ་ཚེ་རིང་ནི་ཡར་བརྩོན་གྱི་བསམ་བློ་ལྡན་མཁན་ཞིག་ཡིན་པས། ཁོང་གིས་ནམ་རྒྱུན་མིག་མདུན་གྱི་གྲུབ་འབྲས་ཁོ་ནར་འདོད་བློ་ཁེངས་ནས་མ་བསྡད་པར་ཚོང་ལམ་དེ་བས་ཡངས་པ་ཞིག་ཡོང་རྒྱུར་འབད་འཐབ་བྱས་དང་བྱེད་མུས་ཡིན་པ་དང་། རང་ཡུལ་གྱི་མང་ཚོགས་ཚོའི་འཚོ་བ་ལེགས་སུ་གཏོང་བའི་སླད། ཁོང་གིས་རླངས་འཁོར་རུ་ཁག་བཙུགས་ནས་མང་ཚོགས་མི་ཉུང་བ་ཞིག་དབོར་འདྲེན་གྱི་ལས་ལ་ཞུགས་སུ་བཅུག སྦྱིན་ཀླུ་སྡེ་ཁུལ་གྱི་མང་ཚོགས་རྣམས་ལུང་པའི་ཕུ་ནས་མདའ་ལ་སྤོས་རྗེས་འཚོ་བ་དང་དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་བ་དང་། 2022ལོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་24256ཟིན་སྟབས། མང་ཚོགས་ཚང་མའི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་མཆིས།

    འདི་ནི་སྦྱིན་ཀླུ་སྡེ་ཁུལ་གྱི་མང་ཚོགས་ཚོས་ཡར་ཀླུང་གཙང་པོའི་ངོགས་སུ་བཏབ་པའི་ལྕང་མ་ཡིན་པ།

    ཚང་མས་སྐྱེ་ཁམས་ལས་ལ་ཞུགས། མཛེས་སྡུག་ལྡན་པའི་ཁོར་ཡུག་བསྐྲུན།

    ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་ནས་ལོ་ངོ་མང་པོའི་རིང་ཤིང་འཛུགས་ནགས་བཟོ་དང་། བྱེ་འགོག་བྱེ་བཅོས་ཀྱི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་པས། ལྷོ་ཁའི་ས་ཆ་མང་པོ་ཞིག་གི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྦྱིན་ཀླུ་སྡེ་ཁུལ་ནི་དེའི་གྲས་ཤིག་ཡིན། ཡར་ཀླུང་གཙང་པོའི་ངོགས་སུ་ལྕང་འཛུགས་མ་བྱས་གོང་གི་རྣམ་པ་ནི་བྱེ་ཐང་གིས་ཁེངས་ཤིང་། དགུན་དུས་སུ་བྱེ་རླུང་ཆེན་པོ་ལྡང་ནས་སྒོ་ར་ཙམ་མ་ཟད་ཁང་པའི་ནང་དུ་ཡང་བྱེ་མས་ཁེངས་ཀྱི་ཡོད། གནས་ཚུལ་དེར་གཞིགས་ནས་གྲོང་མི་ཨུ་ཡོན་ལྷན་ཁང་གིས་གོང་རིམ་གྱི་ཤིང་འཛུགས་ནགས་བཟོའི་རྣམ་གྲངས་བརྩོན་ལེན་བྱས་པ་དང་། མང་ཚོགས་སྐུལ་སློང་དང་སྒྲིག་འཛུགས་བྱས་ནས་ལོ་བཅུའི་ནང་ཤིང་འཛུགས་ནགས་བཟོ་མུའུ་8835ཙམ་བྱས་པ་དང་། བྱེ་འགོག་བྱེ་བཅོས་རྒྱ་ཁྱོན་མུའུ་6500ཙམ་བྱས་པ། སྡེ་ཁུལ་གྱི་བྱེ་མ་མུའུ་1300ཙམ་ལ་ཀུ་སྡོང་བཏབ་པ་བཅས་སྐྱེ་ཁམས་འཛུགས་སྐྲུན་གྱི་ལས་གཞི་ཆེ་གྲས་ཁག་གསུམ་ཙམ་གཙོ་གནད་དུ་བཟུང་སྟེ་འབད་བརྩོན་ཧུར་ཐག་བྱས་ཡོད་པ་རེད། བརྩོན་པའི་རྒྱུན་དང་ཡུན་འགྲོགས་ན། འབྲས་བུ་ཐོབ་པར་གདོན་མི་ཟ། ཞེས་གསུངས་པ་ཇི་བཞིན། གོང་འོག་དཔུང་པ་མཉམ་གཤིབ་ཀྱིས་ཁོར་ཡུག་ལེགས་སུ་གཏོང་བར་ནུས་པ་གང་ལེགས་བཏོན་པས། ད་ཆ་ལྗང་མདོག་གི་ར་བས་བསྐོར་བའི་སྦྱིན་ཀླུ་སྡེ་ཁུལ་དེ་སྣོད་བཅུད་ཁོར་ཡུག་བཟང་བའི་དཔེ་སྟོན་ཁུལ་དུ་གྱུར་ཡོད། མིག་སྔར་སྦྱིན་ཀླུ་སྡེ་ཁུལ་གྱི་ལས་དོན་མི་སྣས་དུས་རྒྱུན་དུ་རང་བྱུང་གི་རྩྭ་རྩི་ཤིང་ལ་སྲུང་སྐྱོང་བྱ་རྒྱུའི་བྱ་ཐབས་དེ་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཡུལ་མིའི་སྤྱི་ཆིངས་ནང་བཀོད་དེ་སྲུང་སྐྱོང་གི་གཏན་འབེབས་ལག་བསྟར་བྱེད་ཀྱི་ཡོད་པ་རེད། སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཉི་མ་ནི་སྡེ་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ལས་ཀའི་དོ་དམ་པ་ཞིག་ཡིན་པ་དང་། ཁོང་གིས“སྦྱིན་ཀླུ་སྡེ་ཁུལ་གྱི་མང་ཚོགས་ཚོས་ཕྱར་བ་གྲུ་འདེགས་ཀྱིས་ཡར་ཀླུང་གཙང་པོའི་ངོགས་སུ་ལྕང་མ་རྐང་ཁྲི་2.6བཏབ་ནས། རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཡོད། མང་ཚོགས་ཚོས་སྔོ་ལྗང་གིས་བཀླུབས་པའི་སྦྱིན་ཀླུ་སྡེ་ཁུལ་མཐོང་སྐབས། སེམས་ནང་དགའ་ཚོར་ཆེན་པོ་བྱེད་ཀྱི་འདུག”ཅེས་བཤད། སྦྱིན་ཀླུ་སྡེ་ཁུལ་གྱི་ཁོ་ར་ཁོར་ཡུག་ཡག་པོ་ཆགས་དུས། མང་ཚོགས་ཚོའི་སྐྱེ་ཁམས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཏེ། སྦྱིན་ཀླུ་སྡེ་ཁུལ་དུ་སྐྱེ་ཁམས་ཁོར་ཡུག་མུ་མཐུད་སྲུང་སྐྱོང་གང་ལེགས་བྱ་རྒྱུའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད།

    སྦྱིན་ཀླུ་སྡེ་ཁུལ་གྱི་མང་ཚོགས་བཀྲ་ཤིས་ཆོས་སྐྱིད་ཀྱིས་མེ་ཏོག་ལ་ཆུ་རྒྱག་བཞིན་པ།

    སྦྱིན་ཀླུ་སྡེ་ཁུལ་གྱིས་ཤིང་འཛུགས་ནགས་བཟོ་བྱས་ནས་མཛེས་སྡུག་ལྡན་པའི་ཁོར་ཡུག་བསྐྲུན་པ་དང་བསྟུན་ནས། སྡེ་ཁུལ་མང་ཚོགས་ཀྱི་གཙང་སྦྲ་དང་སྒྲིག་ལམ་སོགས་ལ་དོ་སྣང་ཆེན་པོ་བྱེད་བཞིན་མཆིས། 2009ལོ་ནས་འགོ་བཙུགས་ཏེ་ལོ་རེར་སྐར་མ་བཅུ་རིམ་པའི་ཁྱིམ་ཚང་བདམས་ཏེ་གཟེངས་བསྟོད་སྤྲོད་ཀྱི་ཡོད་པ་རེད། བཀྲ་ཤིས་ཆོས་སྐྱིད་ནི་སྦྱིན་ཀླུ་སྡེ་ཁུལ་གྱི་མང་ཚོགས་ཡིན་པ་དང་། 2014ལོ་ནས་བཟུང་སྐར་མ་བཅུ་རིམ་པའི་ཁྱིམ་ཚང་གི་གཟེངས་བསྟོད་བསྟུད་མར་ཐོབ་མྱོང་བའི་ཁྱིམ་ཚང་ཞིག་རེད། སྐར་མ་བཅུ་རིམ་པའི་གཟེངས་བསྟོད་དེ་ཐོག་མར་སྦྱིན་ཀླུ་སྡེ་ཁུལ་ནས་དར་བ་ཡིན་པ་དང་། ཕྱིས་སུ་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་ལ་དར་ཁྱབ་བྱུང་། སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ཉི་མས“ལོ་རེ་ལས་མ་འདས་པར་སྐར་མ་བཅུ་རིམ་པའི་ཁྱིམ་ཚང་གི་མཚན་སྙན་ཐོབ་མཁན་ཇེ་མང་དུ་འགྲོ་བཞིན་འདུག ད་ལོ་དུད་ཁྱིམ་46ལ་སྐར་མ་བཅུ་རིམ་པའི་ཁྱིམ་ཚང་གི་མཚན་སྙན་ཐོབ་ཡོད”ཅེས་བཤད། སྦྱིན་ཀླུ་སྡེ་ཁུལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་བསམ་བློ་བཏང་ཚེ། གོང་གི་བྱ་ཐབས་ཀྱིས་སྡེ་ཁུལ་དེར་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་ལྟ་བུའི་ཕན་པ་ཆེན་པོ་ཐོན་ཡོད་པ་རེད། ད་ཆ་སྦྱིན་ཀླུ་སྡེ་ཁུལ་གྱི་ཁོར་ཡུག་ཤིན་ཏུ་བཟང་བས། མ་འོངས་པར་རྩྭ་ཆུ་འཛོམས་ཤིང་མི་དང་རང་བྱུང་ཁམས་མཉམ་གནས་ཀྱི་ས་ཆ་ཡག་པོ་ཞིག་ཏུ་འགྱུར་རྒྱུར་རེ་བས་ཁེངས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།