དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ཁོར་ཡུག་གཙང་སྦྲར་དང་དོད་ཆེ། གྲོང་གསེབ་གསར་པ་རིས་ལྟར་མཛེས།

    —— མངའ་རིས་ས་ཁུལ་གྱིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-04

    གཙང་ཞིང་གྲལ་སྟར་འགྲིག་པའི་ཞིང་དུད་ཀྱི་སྒོ་ར་ཆུང་ཆུང་དང་། རྒྱ་ཆེ་ལ་འདྲོང་བའི་གྲོང་ཚོའི་བགྲོད་ལམ། སྐྱེ་སྟོབས་ཀྱིས་ཕྱུག་པའི་ཤིང་སྡོང་། དེ་བཞིན་ཁམས་གཙང་ཞིང་རི་མོ་ལྟར་མཛེས་པའི་འབྱུང་འཕྲོད་ཀྱི་སྐྱེ་ཁམས་ལྡན་པའི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་སྟོད་ཡུལ་གྲོང་ཚོར་སླེབས་སྐབས་དེ་ནས་འབྲལ་མི་འདོད་པའི་སྣང་བ་ཞིག་སྐྱེ་སྲིད།

    མངའ་རིས་ས་ཁུལ་གྱི“སྐྱེ་ཁམས་ཤེས་དཔལ་གྱི་གྲོང་ཚོ་དང་པོ”སྟོད་ཡུལ་གྲོང་ཚོས་ལོ་འདི་དག་རིང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་གི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་མཁྲེགས་པོ་དང་། སྔོ་ལྗང་། མཛེས་པོ། གཙང་མ་བཅས་ལ་ཧུར་ཐག་གཞོལ་ནས་གྲོང་ཚོའི་རྣམ་པ་རྒྱུན་ཆད་མེད་པར་ཡག་ཏུ་བཏང་ཡོད་པ་རེད།

    འདི་ལོ་ཚུན་དུ། མངའ་རིས་ས་ཁུལ་གྱི་གྲོང་ཚོ(གྲོང་ལྷན)ཁག་གིས་ཡུལ་བབ་དང་བསྟུན་ནས“གཙང་སེལ་བཞི་དང་དག་ཐེར་གཉིས”ཀྱི་ནང་དོན་ལ་དམ་པོར་དམིགས་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་གི་ལས་དོན་རྒྱུན་མཐུད་སྤེལ་བས། མཛེས་ལྡན་གྲོང་གསེབ་དེ་བས་མཛེས་སུ་ཕྱིན་པ་མ་ཟད། གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ནས་ཞིང་འབྲོག་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་སྔར་བས་ཟབ་ཏུ་ཕྱིན་ཡོད་པ་རེད།

    རང་སྐྱོང་ལྗོངས་ཀྱི་བཀོད་གཙང་དཔེ་སྟོན་གྲོང་ཚོ་སྟེ། རུ་ཐོག་རྫོང་རུ་གསུམ་ཤང་སྡེ་རོག་གྲོང་ཚོའི་གྲོང་མི་ཚེ་རིང་རྟ་བྷོའི་ཁྱིམ་ཡངས་ཤིང་དཀར་ཆ་དོད་ལ་ཕྱི་ནང་ཀུན་ཏུ་གཙང་སྦྲ་དོད་ཅིང་བཀོད་པ་ལེགས་པོ་ཡོད་པ་རེད།

    “སྔོན་ཆད་གསང་སྤྱོད་ལ་ཆུ་བཤལ་གཏོང་ཐབས་བྲལ་བས་ཚ་བ་ཆེ་དུས་སྦྲང་མ་མང་པོ་འཁོར་ནས་ཛོར་པོ་ཡོད། ད་ཆ་ཆུ་བཤལ་གཏོང་ཐུབ་པས་གཙང་སྦྲ་དོད་དུ་ཕྱིན་ཡོད” ཁྱིམ་གྱི་གསང་སྤྱོད་ལ་སྒྱུར་བཀོད་བྱས་པར་གྲོང་མི་ཚེ་རིང་ཟླ་བུ་བློ་ཡིད་ཚིམ་པོ་བྱུང་ནས་དེ་ལྟར་བཤད།

    2022ལོར། གྲོང་གསེབ་དར་རྒྱས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལས་ཕན་པ་ཐོབ་པ་བརྒྱུད་སྡེ་རོག་གྲོང་ཚོར་མཛོད་ཁང་དང་། དྲོད་ཁང་། སྤྱི་པའི་གསང་སྤྱོད། སྔོ་འགྱུར། འཐུང་ཆུ། ཆུ་འབུད་སོགས་ལས་གྲྭ་མང་པོ་འཛུགས་སྐྲུན་བྱས་ཤིང་། ཁྱིམ་ཚང་ཚང་མར་ཆུ་བཤལ་གཏོང་ཐུབ་པའི་གསང་སྤྱོད་བརྒྱབ་པ་རེད། འཚོ་སྡོད་ཁོར་ཡུག་ལ་འགྱུར་ལྡོག་དེ་ལྟར་ཕྱིན་པ་དངོས་སུ་མྱོང་བཞིན་དུ་སྡེ་རོག་གྲོང་ཚོའི་གྲོང་མི་ཚོའི་སེམས་ལ་དགའ་ཚོར་གྱི་མེ་ཏོག་བཞད།

    ཉེ་ཆར། གསར་འགོད་པས་སྒར་རྫོང་མོན་མཚེར་ཤང་མོན་མཚེར་གྲོང་ཚོའི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་འཛུགས་སྐྲུན་རྣམ་གྲངས་སྤེལ་ཡུལ་དུ་ལས་བཟོ་ཚོས་ཚ་ཚ་འུར་འུར་ངང་ལས་ཀ་བྱེད་བཞིན་ཡོད་པ་མཐོང་།

    འཛུགས་སྐྲུན་རྣམ་གྲངས་དེའི་ཨར་ལས་ཚན་པའི་འགན་འཁུར་བ་ལྷག་པ་རྡོ་རྗེས། “ད་ལོ། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་1999.94བཏང་ནས་མོན་མཚེར་གྲོང་ཚོའི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་རྣམ་གྲངས་འཛུགས་སྐྲུན་བྱས་པར་ར་སྐོར་དང་། སྔོ་འགྱུར། རྐང་ལམ། ཉི་ནུས་ལམ་སྒྲོན། ཆུ་འགྲོ གསང་སྤྱོད་སོགས་ཀྱི་རྣམ་གྲངས་ཚུད་ཡོད་པ་དང་། རྣམ་གྲངས་བསྐྲུན་རྗེས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་ཕྱིན་ནས་མོན་མཚེར་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ཐད་ཀྱི་ཞན་ཆ་གསབ་ཐུབ”ཅེས་གསར་འགོད་པར་བཤད།

    གྲོང་ཚོའི་འགྱུར་ལྡོག་སྐོར་གླེང་སྐབས། མོན་མཚེར་གྲོང་ཚོའི་གྲོང་མི་པད་མ་རྒྱ་མཚོས། “མི་ཚེ་ཕྱེད་ཀ་ལྷག་ཙམ་འཚོ་བ་སྐྱེལ་སའི་གྲོང་ཚོ་འདི་ཡག་ནས་ཡག་ཏུ་འགྲོ་གི་འདུག ད་ཆ་ད་དུང་མུ་མཐུད་འཛུགས་སྐྲུན་བྱེད་ཀྱི་ཡོད། ཏང་གི་སྲིད་ཇུས་བཟང་པོ་ལས་ང་ཚོར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བས་ངས་ཐུགས་རྗེ་ཆེ་ཞུ”ཞེས་དགའ་སྤྲོའི་ངང་བཤད།

    ད་ཆ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་གི་འཛུགས་སྐྲུན་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས། “འཛམ་གླིང་ཡང་རྩེའི་ཡང་རྩེ”འདིར་མཛེས་སྡུག་ལྡན་ཞིང་སྡོད་མལ་ལ་འཚམ་པའི་གྲོང་གསེབ་ཅིག་རིམ་བཞིན་མངོན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།