ལོ་སྟོད་དུ་ཆབ་མདོ་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་ཚད་100%ཟིན་པ།
འདི་ལོའི་ལོ་སྟོད་དུ་ཆབ་མདོ་གྲོང་ཁྱེར་གྱིས《སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་ལག་བསྟར་ཇུས་གཞི》ཁྱོན་ཡོངས་ནས་ལག་ལེན་བསྟར་ཏེ། སྣུམ་རླངས་ཀྱི་སྦགས་བཙོག་བཅོས་སྒྲིག་དང་། རྡོ་སོལ་ཁྲོ་ཐབ་གཙང་སེལ་བཅོས་སྒྲིག སེར་རྟགས་རླངས་འཁོར་དང་རླངས་འཁོར་རྙིང་པ་གཙང་སེལ། སྦགས་བཙོག་ཆེ་བའི་འབར་རྫས་སྤོར་མི་ཆོག་པའི་ཁུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཨར་ལས་ཀྱི་ཐལ་རྡུལ་སྦགས་བཙོག་ཆེད་དོན་བཅོས་སྒྲིག་དང་འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་ཞིབ་བཤེར་ཚད་ལེན་བཅས་ཀྱི་བྱ་སྤྱོད་གལ་ཆེན་ཁག་6ལ་གཙོ་གནད་སྐུལ་འདེད་བཏང་བ་རེད། ལྟ་ཞིབ་ཚད་ལེན་བྱས་པ་ལས་མངོན་གསལ། འདི་ལོའི་ཟླ་དྲུག་པའི་ཟླ་མཇུག་བར། ཆབ་མདོ་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱས་པའི་ཉིན་གྲངས་181ཡིན་པ་དང་ལྟ་ཞིབ་ཚད་ལེན་ནུས་ལྡན་ཡིན་པའི་ཉིན་གྲངས་181ཡིན་པ་ལས། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་81དང་མཁའ་རླུང་སྤུས་ཚད་བཟང་བའི་ཉིན་གྲངས་100ཟིན་ནས་མཁའ་རླུང་སྤུས་ཚད་ལེགས་ཚད་100%ཟིན་ཡོད།
འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར། ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་རླངས་འཁོར་ཁྲི་41.67ལྷག་ཙམ་གྱི་མཇུག་རླངས་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། 《གཞུང་ལམ་དུ་འགྲོ་བའི་འཕྲུལ་ཆས་མིན་པའི་ཨང་རྟགས་ཐོ་འགོད་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཆབ་མདོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་བརྡ་ཐོ》འཆར་ཟིན་བཀོད་དེ། ཨང་རྟགས་གསར་པའི་གཞུང་ལམ་དུ་འགྲོ་བའི་འཕྲུལ་ཆས་མིན་པ་74ཐོ་བཀོད་པ་དང་རིམ་རྩིས་བྱས་ན་གཞུང་ལམ་དུ་འགྲོ་བའི་འཕྲུལ་ཆས་མིན་པ་429ཐོ་བཀོད་པ་རེད།
རང་འགུལ་ངང་ལྟ་ཞིབ་ཚད་ལེན་བྱེད་པའི་ནུས་པ་ཆེ་རུ་གཏོང་ཆེད། འདི་ལོ་ཆབ་མདོ་གྲོང་ཁྱེར་གྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ལ་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་ནས་བྲག་གཡབ་དང་། མཛོ་སྒང་། དཔའ་ཤོད་བཅས་སུ་མཁའ་རླུང་རང་འགུལ་ལྟ་ཞིབ་ཚད་ལེན་བྱེད་པའི་ས་ཚིགས་3བསྐྲུན་པ་དང་ཆབས་ཅིག་ཆབ་མདོ་གྲོང་ཁྱེར་གྱི་རྫོང་ཁག་གིས་ལོ་འགོར་བཟོས་པའི《2023ལོའི་ཁོར་ཡུག་སྤུས་ཚད་ལྟ་ཞིབ་ཚད་ལེན་གྱི་ཇུས་གཞི》གཞིར་བཟུང་། རྫོང་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ལྟ་ཞིབ་ཚད་ལེན་གྱི་ལས་དོན་དུས་ཐོག་ཏུ་སྤེལ་ནས་རྫོང་ཁོངས་ཀྱི་མཁའ་རླུང་དང་། ས་ངོས་ཀྱི་ཆུ(རྒྱལ་ཁབ་ཀྱི་ཚོད་འཛིན་དང་རང་སྐྱོང་ལྗོངས་ཀྱི་ཚོད་འཛིན)ཆུ་འགོ་ཁུལ། གཙོ་གནད་ལྟ་སྐུལ་དོ་དམ་ཁེ་ལས་སོགས་ལ་དམིགས་ནས་ལྟ་ཞིབ་ཚད་ལེན་གྱི་ལས་དོན་སྤེལ་བས། མིག་སྔར་དུས་ཚིགས་གཉིས་ཀྱི་ལྟ་ཞིབ་ཚད་ལེན་ལས་འགན་ལེགས་སྒྲུབ་ཟིན་ཡོད། ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་མངོན་པར། འདི་ལོའི་ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་ཁག་གི་མཁའ་རླུང་སྤུས་ཚད《ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ཀྱི་ཚད་གཞི》(GB 3095-2012)ཡི་རིམ་པ་གཉིས་ཡན་གྱི་ཚད་གཞི་ཁྱོན་ཡོངས་ནས་ལོན་ཡོད།