རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱེད་པའི་བདེ་འཇགས་དྲ་བ་ཚགས་དམ་པོ་བསྐྲུན་པ།
ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་། 2022ལོར་རང་ལྗོངས་ཀྱིས་རྩི་ཤིང་ཆུང་གྲས་རིགས་གསོ་སྤེལ་སྲུང་སྐྱོང་གི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་2250བཏང་ནས་རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགན་ལེགས་སྒྲུབ་བྱས་པ། ནགས་ཚལ་ལམ་རྩྭ་ཐང་དང་འབྲེལ་བ་ཡོད་པའི་གྱོད་གཞི་2353གྱི་བཅོས་སྒྲིག་ལས་དོན་ལེགས་སྒྲུབ་བྱས་པ་མ་ཟད། གནོད་ཡོད་སྐྱེ་དངོས་ཀྱི་སྡོང་ཕྲུག་ཁག་ཐེངས་793མེད་པར་བཟོས་པ་དང་རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་མུའུ་ཁྲི་1015འགོག་བཅོས་བྱས་པ་རེད།
གནས་ཚུལ་མཐིལ་རྟོགས་བྱས་ནས་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་བ།
2020ལོའི་ཟླ་10པ་ནས་2021ལོའི་ཟླ་11པའི་བར། རྒྱལ་ཁབ་ནགས་རྩྭ་ཅུས་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སི་དང་རང་སྐྱོང་ལྗོངས་ནགས་རྩྭ་ཅུས་ཀྱི་རྒྱབ་སྐྱོར་འོག ཡར་ཀླུང་གཙང་པོའི་རོང་ཆེན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་བརྟག་དཔྱད་བྱེད་ཐེངས་དང་པོའི་ལས་འགན་ལེགས་སྒྲུབ་བྱས་པ་རེད།
ཡར་ཀླུང་གཙང་པོའི་རོང་ཆེན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གྲངས་གཞིར་བརྟག་དཔྱད་དང་ཁ་གསབ་བྱ་ཆེད། བརྟག་དཔྱད་པས་སྲུང་སྐྱོང་ཁུལ་གྱི་སྨན་གླིང་གྲོང་ཁྱེར་དང་། མེ་ཏོག་རྫོང་། སྤོ་བོ་རྫོང་བཅས་ནས་ས་བབ་མི་འདྲ་བའི་ཁུལ་6བདམས་པ་དང་འབྲེལ་དམར་ཕྱིའི་པར་ཆས་80བཙུགས་པས། རི་སྐྱེས་སྲོག་ཆགས་ཀྱི་རིགས་80བརྙན་དུ་ཕབ་པའི་ནང་དུ་གཅན་གཟན་གྱི་རིགས་36དང་འདབ་ཆགས་ཀྱི་རིགས་44ཡོད་པ་ལས། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་རིགས་14དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་རིགས་22ཡོད་པ་རེད།
སླད་ཕྱིན་རང་ལྗོངས་ཀྱིས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་བྱས་ཏེ་ཁྲིམས་ལས་འགལ་ནས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཉོ་ཚོང་བྱེད་པར་རྡུང་རྡེག་གཏོང་བའི་མཉམ་འབྲེལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ལ་མུ་མཐུད་བརྟག་དཔྱད། འདམ་ར་སྲུང་སྐྱོང་དང་འཛུགས་སྐྱོང་གི་དོ་དམ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་གི་ཡོད།
ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་གླིང་མགྱོགས་མྱུར་བསྐྲུན་པ།
2014ལོར་རང་ལྗོངས་ཀྱིས་བྱང་ཐང་དང་ཇོ་མོ་གླང་མར་རྒྱལ་ཁབ་སྤྱི་གླིང་ས་ཁོངས་ལ་ཚན་རིག་རྟོག་ཞིབ་དང་། ཐོན་ཁུངས་ལ་བརྟག་དཔྱད། སྡེ་ཁུལ་འཕེལ་རྒྱས་སོགས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་འགོ་བཙུགས་པ་དང་། 2015ལོར་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ལ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ས་ཚིགས་འཛུགས་པའི་དགོངས་སྐོར་སྙན་སེང་ཕུལ་བ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས་རྒྱལ་ཁབ་སྤྱི་གླིང་སྐྲུན་པར་ཤུགས་སྣོན་བརྒྱབ་པ་མ་ཟད། རྒྱལ་ཁབ་ནགས་རྩྭ་ཅུས་དང་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ལམ་སྲོལ་བཏོན་པ་དང་འབྲེལ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་སྣེ་ཁྲིད་པའི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་རྒྱལ་ཁབ་སྤྱི་གླིང་སྐྲུན་པར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པར་ཇོ་མོ་གླང་མ་དང་བྱང་ཐང་རྒྱལ་ཁབ་སྤྱི་གླིང་གཉིས་སྐྲུན་པའི་གྲོས་འགོ་ཁ་གསལ་བཏོན་པ་རེད།
2022ལོའི་ལོ་མཇུག་ཏུ་རྒྱལ་ཁབ་ནགས་རྩྭ་ཅུས་སོགས་སྡེ་ཚན་མང་པོས་མཉམ་དུ་བཀྲམ་པའི《རྒྱལ་ཁབ་སྤྱི་གླིང་གི་བར་མཐོངས་བཀོད་སྒྲིག་ཇུས་གཞི》ཡི་ནང་དུ་རྒྱལ་ཁབ་སྤྱི་གླིང་སྐྲུན་སའི་ས་ཆ(དངོས་སུ་བཙུགས་པའི་རྒྱལ་ཁབ་སྤྱི་གླིང་5ཚུད་པ)49བདམས་པ་ལས་རང་ལྗོངས་ཀྱི་བྱང་ཐང་དང་ཇོ་མོ་གླང་མ་སོགས་ས་ཁོངས་6རྒྱལ་ཁབ་སྤྱི་གླིང་གི་བར་མཐོངས་བཀོད་སྒྲིག་གི་ཁོངས་སུ་བཅུག་ཡོད།
སྐྲུན་བཞིན་པའི་བྱང་ཐང་རྒྱལ་ཁབ་སྤྱི་གླིང་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་མ་ལག་སྒྲོམ་གཞིའི་ནང་གི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་བཅད་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་དང་། དེའི་ཁྱབ་ཁོངས་ནི་ཉི་མ་རྫོང་དང་རུ་ཐོག་རྫོང་སོགས་རྫོང་6དང་འབྲེལ་བ་ཡོད་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་29.8ཟིན་ཞིང་། འཛམ་གླིང་གི་གནས་སྤོ་དང་སྐྱེ་འཕེལ་བྱེད་པའི་གཙོད་ཀྱི་ཁྱུ་ཚོགས་ཆེ་ཤོས་དེ་གར་གནས་ཡོད།
ད་ལྟ་སྐྲུན་བཞིན་པའི་ཇོ་མོ་གླང་མའི་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་ནི་དིང་རི་སོགས་རྫོང་4དང་འབྲེལ་ཡོད་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་3.33ལྷག་ཙམ་ཡོད། དེ་གར་ཇོ་མོ་གླང་མས་མཚོན་པའི་འཛམ་གླིང་གི་རི་མཐོན་པོའི་མུ་ཁྱུད་ཡོད་ལ། གོ་ལ་ཧྲིལ་པོའི་འཁྱག་རོམ་མང་པོ་འདུས་པའི་ས་ཁུལ་གྱི་གྲས་ཤིག་ཡིན་པས། རི་བོ་ཧི་མ་ལ་ཡའི་རི་ཁུལ་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་རྒྱུད་ཀྱི་ས་བོན་གྱི་མཛོད་ཅེས་གྲགས།
རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བར་བརྟེན། གཙོད་དང་འབྲོང་སོགས་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་ཀྱི་གྲངས་འབོར་མང་ཤོས་དང་། རྒྱུད་པ་ཕུན་སུམ་ཚོགས་ཤིང་། འདུས་ཚད་ཆེ་ལ། འཚོ་གནས་ཁོར་ཡུག་ལེགས་ཤོས་བཅས་ཡིན་པའི་ལྟེ་བའི་ཁུལ་གྱི་གདོད་མའི་རང་བཞིན་དང་ཆ་ཚང་བའི་རང་བཞིན་སྲུང་སྐྱོང་ཡག་པོ་ཐུབ་ཡོད་པ་རེད།
“བོད་ཀྱིས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་འདུས་ཚད་ཆེ་ཤོས་ཀྱི་ས་ཁོངས་རྒྱལ་ཁབ་སྤྱི་གླིང་བར་མཐོངས་ཇུས་གཞིའི་ནང་དུ་བཅུག་ཡོད། ལོ་མང་རིང་སྲུང་སྐྱོང་བྱས་པ་བརྒྱུད་བོད་ཀྱི་བྱང་ཐང་སྲུང་སྐྱོང་ཁུལ་གྱི་གཙོད་ཀྱི་གྲངས་འབོར་ཁྲི་30ཡན་བར་སླར་གསོ་བྱུང་ཡོད”ཅེས་བོད་རང་སྐྱོང་ལྗོངས་ནགས་རྩྭ་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཛོམས་དགའ་ཡིས་བཤད།