དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • མངའ་རིས་ས་ཁུལ་གྱིས།

    རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-21

    ཉེ་ཆར་མངའ་རིས་ས་ཁུལ་ནགས་རྩྭ་ཅུས་ཀྱིས་ས་ཁུལ་དང་། རྫོང་། ཤང་བཅས་རིམ་གསུམ་གྱི་སྤྱི་བདེ་ལས་ཁུངས་དང་རུ་ཐོག་རྫོང་རང་བྱུང་ཐོན་ཁུངས་ཅུས་ལས་གྲུབ་པའི་མཉམ་འབྲེལ་སྐོར་སྲུང་ཚོགས་ཆུང་དང་མཉམ་དུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།

    ཆེད་དོན་བྱ་སྤྱོད་སྤེལ་རིང་། མཉམ་འབྲེལ་སྐོར་སྲུང་ཚོགས་ཆུང་གིས་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་འཚོ་གནས་ཁུལ་གཙོ་བོ་དང་། གཙོད་ཕྲུག་སྐྱེ་ས། དོ་དམ་སྲུང་སྐྱོང་ས་ཚིགས་10བཅས་ལ་སྐོར་ཞིབ་བྱས་ནས་དོ་དམ་སྲུང་སྐྱོང་ས་ཚིགས་ཁག་གི་འཁོར་སྐྱོད་གནས་ཚུལ་དང་། དེ་བཞིན་སྲུང་སྐྱོང་བ་ལས་གནས་སུ་ཡོད་མེད་ཀྱི་གནས་ཚུལ་ལ་གཙོ་གནད་ཞིབ་བཤེར་བྱས་པ་དང་། དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་སྒྲིག་བཀོད་དང་སྒྲིག་ཆས་སོགས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་པ་དང་སྦྲགས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་གཏོར་བཤིག་གཏོང་བ་དང་། ཆོག་མཆན་མེད་པར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་འཛུལ་བ། རང་བྱུང་སྲུང་སྐྱོང་ཁུལ་དུ་སྒྲིག་འགལ་ངང་གཏེར་ཁ་སྔོག་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་སྐོར་ཞིབ་ནན་ཏན་བྱས་པ་དང་། གཉེར་སྐྱོང་བྱ་ཡུལ་དུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ངམ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལས་བཟོས་པའི་ཐོན་རྫས་སྒྲིག་ལས་འགལ་ནས་ཚོང་བ་དང་། ལས་སྣོན། ཚོང་གཉེར་སོགས་ཀྱི་བྱེད་སྤྱོད་ཡོད་མེད་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་བརྟེན་ནས་ཚོང་འགུགས་པ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ནང་དོན་དུ་བྱས་ནས་བརྡ་ཆ་དང་སྒོ་བྱང་བཟོ་བ་སོགས་ཀྱི་བྱེད་སྤྱོད་ཡོད་མེད་ལ་ཕྱོགས་ཡོངས་ནས་སྐོར་ཞིབ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མཉམ་འབྲེལ་སྐོར་སྲུང་ལ་ཁྲིམས་སྒྱུར་བ་8བཏང་བ་དང་། ལམ་ཐག་སྤྱི་ལེ་2500ལྷག་ཙམ་བསྐྱོད་པ་རེད། མཉམ་འབྲེལ་སྐོར་སྲུང་ཚོགས་ཆུང་གིས་ས་ཁོངས་དང་གཉེར་སྐྱོང་བྱ་ཡུལ་གལ་ཆེན་དུ་བརྡ་ཆ་40ལྷག་ཙམ་སྦྱར་བ་དང་དྲིལ་བསྒྲགས་དཔྱད་ཡིག་150ལྷག་ཙམ་སྤྲད་པ་མ་ཟད། འཕྲེད་འགེལ་སྦྱར་ཡིག་8བཀལ་བ་རེད།

    གོམ་སྟབས་རྗེས་མར། མངའ་རིས་ས་ཁུལ་གྱིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་གི་ལས་དོན་ལ་སྐོར་ཞིབ་སྐོར་སྲུང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་བྱེད་པའི་མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་ཆགས་པར་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།