བྱང་ཐང་སྲུང་སྐྱོང་ལས་ལ་བརྩོན། རི་སྐྱེས་སྲོག་ཆགས་ཅི་དགར་འཚོ།
—— སྒེར་རྩེ་རྫོང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་པའི་སྐོར་བཀོད་པ།
འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རྐྱང་གིས་བང་རྩལ་འགྲན་བཞིན་པ།
སྒེར་རྩེ་རྫོང་ཁོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱིས་རྫོང་ཁོངས་རྒྱ་ཁྱོན་གྱི་84.1%བཟུང་བའི་ནང་། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སྒེར་རྩེ་ཡུག་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་10.89ཟིན་པ་དེས་སྲུང་སྐྱོང་ཁུལ་ཧྲིལ་པོའི་རྒྱ་ཁྱོན་གྱི་བཅུ་ཆ་གསུམ་ཡན་བཟུང་བ་དང་། དེ་གར་རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་གཉིས་པའི་སྲུང་སྐྱོང་སྲོག་ཆགས་འབྲོང་དང་། གཙོད། གསའ་སོགས་སྣ་ཁ་40ལྷག་ཙམ་འཚོ་གནས་བྱེད་ཀྱི་ཡོད།
ཏང་གི་ཚོཌ་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྒེར་རྩེ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་མ་ཟད། ལྷག་པར་དུ་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལམ་སྲོལ་སྒྲིག་གཞི་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་སྤེལ་ཚུན། རྫོང་ནཌ་ཚལ་དང་རྩྭ་ཐང་སོཌ་འབྲེལ་ཡོད་སྡེ་ཚན་གྱིས་རང་འགུལ་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་འཁུར་བ་དང་སྐྱེ་ཁམས་ཀྱི་མཐའ་ཚད་བརྟན་པོར་བསྲུངས་བས། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟ་འདོམས་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་པ་མ་ཟད། སྤྱི་ཚོགས་ཀྱི་བསྔགས་བརྗོད་ཀྱང་ཐོབ་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སྒེར་རྩེ་ཡུག་ཁུལ་དུ་ཁྱོན་བསྡོམས་དོ་དམ་ས་ཚིགས་23བསྐྲུན་པ་དང་། ཆེད་ལས་དོ་དམ་པ་217བསྡུས་པས་ད་ཆ་ཁོ་ཚོ་རི་སྐྱེས་སྲོག་ཆགས་སྲུང་མཁན་གྱི་བྱང་ཐང་གི་སྲུང་དམག་དང་སྐྱེ་ཁམས་སྲུང་མཁན་གྱི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད།
དེ་དང་ཆབས་ཅིག སྒེར་རྩེ་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས“འཛམ་གླིང་གི་རི་སྐྱེས་སྲོག་ཆགས་དང་རྩྭ་རྩི་ཤིང་གི་ཉིན་མོ”དང་། “ཟླ་དྲུག་པའི་ཕྱོགས་བསྡུས་བཅོས་སྐྱོང་གི་དྲིལ་བསྒྲགས་ཟླ་བ” “རྩ་ཁྲིམས་ཉིན་མོ”སོགས་དྲིལ་བསྒྲགས་ཉིན་མོ་གོ་སྐབས་སུ་བྱས་ཏེ། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་འབྲེལ་ཡོད་དྲིལ་བསྒྲགས་སྦྱར་ཡིག་འགེལ་བ་སོགས་བྱས་ནས། འབྲོག་པ་མང་ཚོགས་ལ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་འབྲེལ། རྫོང་ནང་གི་ཕྱི་ནས་ཡོང་བའི་ཚོང་ཁང་གི་སྦྱིན་བདག་དང་འབྲོག་དུད་ནས《སྐམ་སའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁས་ལེན་ཡི་གེར》མིང་རྟགས་བཀོད་པ་དང་། སྨྱན་སྦྱོར་གསར་པའི་ལས་སྟེགས་སྤྱད་དེ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ་རེད། 2017ལོ་ནས་བཟུང་། རྫོང་ཡོངས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་40ལྷག་ཙམ་སྤེལ་བར་མང་ཚོགས་མི་ཐེངས་9000ལྷག་ཙམ་ཞུགས་ཡོད་པ་དང《རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས》སོགས་དྲིལ་བསྒྲགས་དཔྱད་ཡིག་ཁྲི་1.6ལྷག་ཙམ་སྤྲད་པ་མ་ཟད། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་གི་འགྲེམས་པང་འགྲེམས་སྟོན་དང་འཕྲེད་འགེལ་སྦྱར་ཡིག་200ལྷག་ཙམ་སྦྱར་ཡོད་པ་རེད།
གཞན་ཡང་། སྒེར་རྩེ་རྫོང་གིས་ལོ་ལྟར་ཆེད་ལས་མི་སྣ་ཆེད་མངགས་གདན་དྲངས་ནས་དོ་དམ་ས་ཚིགས་23ལ་དམག་དོན་སྦྱོང་བརྡར་དང་དེ་བཞིན《རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས》དང་། རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན། རྩྭ་ཐང་གི་འབུ་ཆ་ག་པའི་གནོད་འཚེར་ལྟ་ཞིབ་ཚད་ལེན། རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་ལྟ་ཞིབ་ཚད་ལེན། གྱོད་གཞི་ཐོན་སར་སྲུང་སྐྱོང་སོགས་འབྲེལ་ཡོད་སློབ་སྦྱོང་གསོ་སྦྱོང་ལས་དོན་སྤེལ་ནས་དོ་དམ་པའི་ལས་སྒོའི་ནུས་པ་ཆེ་རུ་གཏོང་བ་དང་ལས་གནས་ཀྱི་འགན་འཁྲི་སྒྲུབ་པའི་འདུ་ཤེས་དང་ལས་གཅེས་ལས་བཀུར་གྱི་སྙིང་སྟོབས་འཕེལ་བར་བྱས་པ་རེད། དེ་དང་ཆབས་ཅིག་འདམ་རའི་དོ་དམ་པ་དང་། གཞི་རིམ་གྱི་སྲོག་ཆགས་སྲུང་སྐྱོང་བ། ལྟ་ཞིབ་ཚད་ལེན་པ་བཅས་གསོ་སྦྱོང་བྱས་པ་དང་ནགས་ལས་སྐྱེ་ཁམས་ལས་གནས་མི་སྣར་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ཤེས་བྱ་དང་གསང་འཕྲིན་འཚོལ་བསྡུ་དང་གོང་ཞུ་སོཌ་ཀྱི་ནང་དོན་གསོ་སྦྱོང་བྱས་པ་རེད།
རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་ད་དུང་གཙོད་ཀྱི་དྲ་སྤུ་རྒྱས་པའི་དུས་དང་ལྐོག་རྔོན་མང་བའི་དུས་མཚམས་སུ་སྐོར་གཡེང་བྱེད་ཚད་མང་དུ་བཏང་ནས་སྐོར་གཡེང་ཁྱབ་རྒྱ་ཆེ་རུ་བཏང་བ་མ་ཟད། ས་ཚིགས་མང་པོ་ཞིག་ལ་མཉམ་ལས་སྐོར་གཡེང་བྱེད་ཐབས་ལག་བསྟར་བྱས་ཡོད། དོ་དམ་བྱེད་དཀའ་བའི་གནས་སུ་ས་ཚིགས་ཁག་གིས་ལས་དོན་པ་སྒྲིག་འཛུགས་དང་སྒར་བཏབ་ནས་ཡུན་རིང་ལྟ་སྲུང་བྱས་ཏེ་ལྐོག་རྔོན་རྒྱག་མཁན་ལ་རྡུང་རྡེག་ཚ་ནན་བཏང་ཡོད།
2017ལོ་ནས་བཟུང་། སྒེར་རྩེ་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་དང་དོ་དམ་ས་ཚིགས་23གྱིས་རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་གཉིས་པའི་སྲུང་སྐྱོང་སྲོག་ཆགས་60ལྷག་ཙམ་བསྐྱབས་པ་དང་། སྲོག་ཆགས་43རང་བྱུང་ཁམས་ལ་གློད་པའི་ནང་གསའ་8ཡོད་པ་རེད། ལྷག་པར་དུ་2021ལོའི་ལོ་མཇུག་ཏུ་སྒེར་རྩེ་རྫོང་དུ་དྲོད་ཚད་དམའ་བའི་རང་བྱུང་གནོད་འཚེ་བསྟུད་མར་ཐོན་རྗེས། རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་དང་དོ་དམ་ས་ཚིགས་ཁག་གིས་ལས་དོན་པ་530བཏང་ཞིང་། ཟླ་4ཡི་རིང་ཁོང་ཚོས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40ཡི་གནམ་གཤིས་ལ་མི་འཛེམ་པར་རི་དྭགས་ལ་གཟན་རྩྭ་ཏུན་50ལྷག་ཙམ་སྟེར་བས་གཙོད་ལ་སོགས་པའི་རི་དྭགས་འབྱུང་བའི་གནོད་འཚེས་རྐྱེན་པས་མང་པོ་ཤི་བའི་སྣང་ཚུལ་མི་ཐོན་པ་བྱས་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་བཟང་པོ་ཐོབ་པ་རེད།