དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སོ་དྲུག་ཤང་འབྲི་སྒང་གྲོང་ཚོ།

    “སྐྱེ་ཁམས་གྲོང་ཚོའི”ཉམས་དོད་པའི་འཕོ་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-05

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སོ་དྲུག་ཤང་འབྲི་སྒང་གྲོང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པས། “ཤིང་གཅོད་མཁན་གྲོང་ཚོ”ནས“ནགས་སྲུང་བའི་གྲོང་ཚོར”གྱུར་ཏེ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“སྐྱེ་ཁམས་གྲོང་ཚོ”ཞིག་ཏུ་འགྱུར་ཡོད།

    ཤིང་གང་བྱུང་དུ་གཅོད་རྒྱུ་གཏན་འགོག་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་ཆེད། ཉེ་བའི་ལོ་ཤས་རིང་། འབྲི་སྒང་གྲོང་ཚོས་སྔ་རྗེས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་གནས་57བཙུགས་ནས་ལས་གནས་དང་འགན་འཁྲི་གཏན་འཁེལ་བྱས་ཏེ་ལས་ཕྱོད་ཆེ་རུ་བཏང་ཡོད།

    འདི་ལོ་ལོ་34ལ་སླེབས་པའི་མིག་དམར་ཚེ་རིང་གིས་ཆེད་བསྐོས་ནགས་སྲུང་བ་བྱས་ནས་ལོ་11འགྲོ་ཡི་ཡོད། ལོ་11རིང་ཁོང་གིས་ཟླ་རེར་ཆ་སྙོམས་ས་བབ་མཐོ་ཚད་སྨི་3900ཟིན་པའི་རི་སྟེང་དུ་སྐོར་གཡེང་ཐེངས་25ལྷག་ཙམ་བྱེད་ཀྱི་ཡོད།

    མིག་དམར་ཚེ་རིང་གིས་རི་ཁའི་ལྟོ་རྟེན་རི་དང་ཆུ་ཁའི་ལྟོ་རྟེན་ཆུ་ཞེས་པའི་དཔེ་ལྟར་དེ་སྔ་ཡུལ་མི་ཚོས་ནགས་ཤིང་འབོར་ཆེན་བཅད་དེ་ཡོང་འབབ་ཕྲ་ལ་ཕྲན་བུ་བསགས་ཡོད་མོད། འོན་ཀྱང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་ཡོད་ཅེས་གསར་འགོད་པར་བཤད།

    མིག་དམར་ཚེ་རིང་གིས“དེ་སྔའི་སྔོ་ཐིང་ཐིང་གི་ནགས་ས་ཐང་རྒོད་དུ་གྱུར་བ་མཐོང་སྐབས་སེམས་སྐྱིད་པོ་གཏན་ནས་མི་འདུག ཏང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་ང་ཚོས་དེ་མ་ཉིད་དུ་ཤིང་གཅོད་མཚམས་བཞག་ནས་ལྗོན་ཤིང་མང་པོ་གསབ་འདེབས་བྱས་པས་ད་གཟོད་སླར་ཡང་སྔོ་ཐིང་ཐིང་གི་ཁོར་ཡུག་ནང་འཚོ་བ་སྐྱེལ་རྒྱུ་བྱུང་སོང”ཞེས་བཤད།

    འབྲི་སྒང་གྲོང་ཚོའི་ནགས་སྲུང་བ་མི་གཅིག་གིས་ནགས་ས་མུའུ་15ལ་བདག་སྐྱོང་བྱེད་དགོས་ཤིང་། མིག་དམར་ཚེ་རིང་གིས་ཉིན་གཅིག་ལ་སྐོར་གཡེང་ཆུ་ཚོད་4ལྷག་ཙམ་བྱས་པར་གོམ་པ་ཁྲི་3ལྷག་ཙམ་ཟིན་གྱི་ཡོད། ལམ་ཐག་རིང་པོ་དེ་འདྲར་སྐྱོད་སྐབས་མི་སྤྱིར་བཏང་ཞིག་ཡིན་ན་ཐང་ཆད་ཀྱི་ཡོད་ཀྱང་མིག་དམར་ཚེ་རིང་ངོས་ནས་བརྗོད་ན་གོམས་གཤིས་སུ་གྱུར་ཡོད། ཁོང་གིས“གོམས་ན་དཀའ་ལས་རྩ་བ་ནས་མི་འདུག ལྷག་པར་དུ་ཁོར་ཡུག་སྔོ་ལྗང་ཅན་དུ་གྱུར་བ་མཐོང་སྐབས་ལས་ཀ་བྱེད་འདོད་དེ་བས་ཆེ་རུ་འགྲོ་ཡི་འདུག”ཅེས་བཤད།

    འབྲི་སྒང་གྲོང་ཚོར་ནགས་སྲུང་བ་ནི་སྲུང་སྐྱོང་བྱེད་མཁན་ཡིན་ལ་དྲིལ་བསྒྲགས་པའང་ཡིན། དྲིལ་བསྒྲགས་ཀྱི་ལས་དོན་ཡུན་རིང་པོ་སྤེལ་བས་ནགས་སྲུང་བ་ཚོ་མང་ཚོགས་ཀྱི་ཁྲོད་སྙན་གྲགས་ངེས་ཅན་ཡོད།

    ལོ་མང་དྲིལ་བསྒྲགས་དང་། སློབ་སྦྱོང་། ཟུར་ཁྲིད་དང་ལེན་བཅས་བྱས་པས་མིག་དམར་ཚེ་རིང་སོགས་ནགས་སྲུང་བ་ཚོར་དྲིལ་བསྒྲགས་བྱ་ཐབས་ཤིག་རྙེད་ཡོད། ཁོང་གིས“དྲིལ་བསྒྲགས་ནི་སློབ་གསོ་གཏོང་བ་དེ་མིན་པར། ཁ་བརྡ་དང་ཅི་འཕྲོས་མོལ་འཕྲོས་བཤད་དེ་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱས་ཚེ་ད་གཟོད་ཚང་མས་ཉན་གྱི་རེད་ལ་དོན་དག་ཀྱང་གོ་ཐུབ”ཅེས་བཤད།

    སྒྲོག་འགྲེལ་བྱེད་སྟངས་དུས་རབས་ཀྱི་འགྲོས་དང་བསྟུན་དགོས་པས་ནམ་ཡང་རང་སོར་བསྡད་ན་མ་འགྲིག ན་ནིང་ནས་བཟུང་མིག་དམར་ཚེ་རིང་སོགས་ནགས་སྲུང་བས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཟུང་འབྲེལ་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་དང་ལྗང་མདོག་འཕེལ་རྒྱས་སྐོར་དྲིལ་བསྒྲགས་བྱས་པ་རེད། ཁོང་གིས“ད་ཆ་ཚང་མས་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ཤེས་ཤིང་། ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཁྲོད་དུ་གཅིག་རྗེས་གཉིས་མཐུད་ངང་ཞུགས་བཞིན་ཡོད་པས་ཚང་མའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ནས་ཐུན་མོང་ཐོག་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་བཞིན་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།