ཁོར་ཡུག་སྲུང་སྐྱོང་གི་འཆར་གཞི་བཀོད། ལྗང་མདོག་འཕེལ་རྒྱས་ཀྱི་དུང་བརྡ་བསྒྲགས།
ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བའི་སྐོར་བཀོད་པ།
2022ལོར་རང་ལྗོངས་ཀྱིས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་གང་ལེགས་བཏོན་ནས“6·5ཡི་འཛམ་གླིང་ཁོར་ཡུག་ཉིན་མོ”དང་། “བོད་ཀྱི་ལོ་བཅུ་པོ་འདི་དག”ཅེས་པའི་བརྗོད་དོན་གཙོ་བོའི་མུ་འབྲེལ། རིམས་ནད་ཁོར་ཡུག་བདེ་འཇགས་བཅས་སྐོར་གྱི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གསུམ་འཚོགས་པ་དང་། 《ཁོར་ཡུག་སྲུང་སྐྱོང་བའི་གླུ་དབྱངས》དང་། 《བྱང་ཐང་གི་ཚེ་སྲོག》 《གངས་ལྗོངས་ཀྱི་ཁྲུང་ཁྲུང་སྐེ་ནག》སོགས་ཁོར་ཡུག་སྲུང་སྐྱོང་གི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་གློག་བརྙན་བསྟན་པར་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཅིང་། རང་འགུལ་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་སྲིད་གཞུང་ཆ་འཕྲིན་7500ལྷག་ཙམ་ཡོངས་བསྒྲགས་བྱས་པ་དང་། རིམ་རྩིས་བྱས་ན་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་ཆས་29མི་ཐེངས་1600ལ་སྤྱོད་དུ་བཅུག་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་དམངས་ཡོངས་ཀྱིས་མཉམ་སྐྲུན་མཉམ་གཏོད་མཉམ་སྤྱོད་བྱེད་པའི་རྣམ་པ་ཞིག་སྤྱིར་ན་ཆགས་ཡོད་པ་རེད།
ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ། སྤྱི་དམངས་ཀྱི་སྐྱེ་དངོས་དང་སྐྱེ་ཁམས་བདེ་འཇགས་ཀྱི་ཉེན་ཁར་དོགས་ཟོན་དང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ། མང་ཚོགས་རྣམས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུའི་ཁྲིད་སྟོན་བཅས་བྱ་ཆེད། 2022ལོའི་ཟླ་5ཚེས་20ཉིན་ཉིང་ཁྲི་གྲོང་ཁྱེར་གྱིས་ཞ་མོན་ཐང་ཆེན་དུ་2022ལོའི་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་དེ་ནི་ཉིང་ཁྲི་གྲོང་ཨུད་སྐྱེ་ཁམས་ཤེས་དཔལ་གཞུང་ལས་ཁང་གིས(གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས)སྣེ་ཁྲིད་པ་དང་གྲོང་ཁྱེར་ཐད་གཏོགས་ཚན་པ་16མཉམ་དུ་ཞུགས་ཡོད།
བྱེད་སྒོ་སྤེལ་རིང་ཉིང་ཁྲི་གྲོང་ཁྱེར་དུ་གཅིག་སྡུད་དྲིལ་བསྒྲགས་ས་ཚིགས་7བཙུགས་པ་དང་། དྲིལ་བསྒྲགས་པ་200ལྷག་ཙམ་ཞུགས་པ། འཕྲེད་འགེལ་སྦྱར་ཡིག་20ལྷག་ཙམ་བཀལ་བ། འགྲེམས་པང་10བཙུགས་པ། དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་2000ལྷག་ཙམ་སྤྲད་པ། མང་ཚོགས་ཀྱི་གནད་དོན་ཐེངས་20ལྷག་ཙམ་ལ་ལན་འདེབས་པ། མང་ཚོགས་མི་ཐེངས་2000ལྷག་ཙམ་ལ་སློབ་གསོ་ཐེབས་པ་བཅས་བྱས་པ་རེད།
ལྷོ་ཁ་གྲོང་ཁྱེར་གྱིས“ཏང་ཨུད་ཀྱིས་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་ལྟ་སྐུལ། སྲིད་གཞུང་གིས་འགན་འཁུར། སྲིད་གྲོས་ཀྱིས་རྒྱབ་སྐྱོར། སྡེ་ཚན་གྱིས་གཞོགས་འདེགས། ཁོངས་མི་ཡོངས་ཞུགས་པ། ཐུན་མོང་ཐོག་སྐུལ་འདེད”བཅས་ཀྱི་བླང་བྱར་གཞིར་བཟུང་། “འཛམ་གླིང་ཆུའི་ཉིན་མོ”དང་། “འཛམ་གླིང་སའི་གོ་ལའི་ཉིན་མོ” “འཛམ་གླིང་ཁོར་ཡུག་ཉིན་མོ”སོགས་ཀྱི་དུས་ཚོད་བེད་སྤྱད་དེ་ས་གནས་ས་ཐོག་ཏུ་སྒྲོག་འགྲེལ་དང་། བརྙན་འཕྲིན་གསར་འགྱུར་སྤེལ་བ། སྐད་འཕྲིན་ནས་བརྒྱུད་སྤེལ་སོགས་ཀྱི་རྣམ་པའི་ཐོག་ནས་ཁོར་ཡུག་སྲུང་སྐྱོང་ལ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་རེད། ཁོར་ཡུག་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དེ་སློབ་གྲྭ་འབྲིང་ཆུང་གི་སློབ་ཁྲིད་དང“ལོ་ལྔ་ཚན་བདུན་པའི”ཁྲིམས་ལུགས་ཁྱབ་གདལ་གྱི་ནང་དོན་དུ་བཅུག་སྟེ། ཞིང་འབྲོག་ཁུལ་དང་། ཁེ་ལས། སློབ་གྲྭ སྡེ་ཁུལ་སོགས་སུ་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་བས། རང་བྱུང་ཁམས་ལ་དགའ་ཞེན་དང་། ཁོར་ཡུག་སྲུང་སྐྱོང་། ཐོན་ཁུངས་གྲོན་ཆུང་། ཐཱན་ཉུང་འཚོ་བ་སྐྱེལ་བ་བཅས་བྱ་རྒྱུ་དེ་སྤྱི་དམངས་དང་། ཁྱིམ་ཚང་། ཚན་པ་བཅས་ཚང་མའི་རང་རྟོགས་ཀྱི་བྱ་སྤྱོད་དུ་གྱུར་ཡོད།
གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གིས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་གླེང་ཕྱོགས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་གཙང་པོའི་མཐའ་འཁོར་གྱི་ཁོར་ཡུག་ལ་གཏོར་བཤིག་དང་། སྦགས་བཙོག་བཟོ་བ། ཡུལ་སྐོར་བ་དང་དེ་བཞིན་གཙང་འགྲམ་གྱི་མང་ཚོགས་ཀྱི་ཚུལ་མིན་བྱེད་སྤྱོད་དམར་རྗེན་དུ་བཏོན་པར་བརྟེན། གཙང་འགྲམ་གྱི་མང་ཚོགས་ཀྱི་གཙང་པོ་དང་ཆུ་བོ་སྲུང་སྐྱོང་བྱེད་པའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ལ། ཆུ་དཔོན་ལམ་ལུགས་ལག་ལེན་བསྟར་བའི་ཆུ་ལམ་གྱི་ཉེ་འཁོར་དུ་གད་སྙིགས་གང་བྱུང་དུ་གཤོ་བ་སོགས་ཀྱི་སྣང་ཚུལ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད།
ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང“འགྱིག་སྙིགས་བཀག་འགོག”སོགས་ཀྱི་གནད་དོན་ལ་དམིགས་ཏེ། དུས་ཐོག་ཏུ་ལས་དོན་པ་སྒྲིག་འཛུགས་བྱས་ནས་ཁྱིམ་དུད་མི་རེ་ངོ་རེ་ལ་དྲིལ་བསྒྲགས་དང་འགྲེལ་བཤད་བརྒྱབ་པ་རེད། ལས་ཡུལ་དང་། སློབ་གྲྭ གྲོང་གསེབ་སོགས་སུ་དྲིལ་བསྒྲགས་འཆད་ཁྲིད་བྱས་པ་དང་ལག་ཐོགས་ཁ་པར་གྱི་འཕྲིན་ཐུང་ཐོག་ནས་མིག་སྔའི་ཁོར་ཡུག་སྲུང་སྐྱོང་ཐད་ལྷག་པའི་གནད་དོན་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་སྐོར་གྱི་ནང་དོན་བཏང་ནས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ཤེས་རྟོགས་ཐུབ་པར་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》དང《ཁོར་ཡུག་ལྟ་འདོམས་དང་ཁྲིམས་སྒྱུར་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བརྡ་ཐོ》འགྲེལ་བཤད་བརྒྱབ་པ་དང་འབྲེལ་ཤང་དང་གྲོང་རྡལ་ཁག་ལ་བརྒྱུད་བསྒྲགས་ཀྱང་བྱས་པ་རེད།