དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་ནས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-26

    བོད་ལ་སྣོད་བཅུད་ཀྱི་རིན་ཐང་གལ་ཆེན་ལྡན་ཡོད་པས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། བོད་འདི་ཉིད་མཚོ་བོད་ས་མཐོའི་ལྟེ་བའི་ས་ཁུལ་དུ་གནས་པ་དང་དེ་གའི་གངས་རི་མཐོན་པོ་དང་འཁྱགས་རོམ་གཞི་རྒྱ་ཆེན་པོས་རླུང་ཁམས་ཀྱི་འཁོར་རྒྱུག་ལ་གྲང་འགྱུར་ནུས་པ་ཐོན་ཏེ། འཛམ་གླིང་གནམ་གཤིས་སྙོམས་སྒྲིག་ཡོ་བྱད་ཀྱི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད་པ་དང་། བོད་ཀྱི་ཆུའི་ཐོན་ཁུངས་ཀྱིས་ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ཤར་ལྷོའི་མི་འབོར་དུང་ཕྱུར་10ལྷག་ཙམ་གྱི་འཚོ་གནས་དང་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་བཞིན་མཆིས།  

    2020ལོའི་ཟླ་8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་ལོ་རྒྱུས་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། འཛམ་གླིང་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་མཐའ་འཁྱོངས་ཀྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། ས་མཐོའི་རྩྭ་ཤིང་དང་རི་ཀླུང་ཁྲི་སྟོང་སྲུང་སྐྱོང་ཡག་པོ་བྱས་ཏེ། མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་བསྐྲུན་དགོས་ཞེས་གསུངས་པ་རེད།

    མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་སྨོས་མེད་ལགས། འཐབ་ཇུས་ཀྱི་ངེས་གནས་དང་སྣོད་བཅུད་ཀྱི་འགན་འཁྲི་དེ་རིགས་ཀྱིས་བོད་ཀྱི་ས་མཐོའི་སྐྱེ་དངོས་དང་། ཡུལ་སྐོར་རིག་གནས། ལྗང་མདོག་བཟོ་ལས། ནུས་རྒྱུ་གཙང་མ། དེང་རབས་ཞབས་ཞུ། གྲངས་གཞི་གསར་པ། མཐའ་མཚམས་ཚོང་དོན་ཟོག་འགྲེམས་སོགས་ཀྱི་ཐོན་ལས་ལྟེ་བར་གྱུར་པའི་ཐོན་ལས་ཀྱི་གྲུབ་ཚུལ་བཏོད་ཡོད་པ་དང་། ད་ཆ་བོད་དུ་ལྗང་མདོག་འཕེལ་རྒྱས་དེ་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ཞིག་ཏུ་གྱུར་ནས་སྣོད་བཅུད་སྲུང་སྐྱོང་སྔོན་ལ་བྱེད་པའི་རྩ་དོན་དེ་ཐོན་ལས་འཕེལ་རྒྱས་ཀྱི་ལྷུ་ཚིགས་ཁག་ཏུ་མངོན་ཡོད།

    ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་ས་གནས་ཀྱི་དཔལ་འབྱོར་དར་རྒྱས་དང་ཡུལ་མིའི་འཚོ་བ་ལེགས་སུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་། ཐོན་ལས་གང་འདྲ་ཞིག་བདམས་ནས་འཕེལ་རྒྱས་གཏོང་རྒྱུ་ནི་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ཆ་རྐྱེན་ལ་རག་ལས་པ་མ་ཟད། འཐབ་ཇུས་ཀྱི་ངེས་གནས་དང་འཕེལ་རྒྱས་ཀྱི་འདུ་ཤེས་ལའང་རག་ལས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ངེས་གནས་བླང་བྱ་གཞིར་བཟུང་སྣོད་བཅུད་སྲུང་སྐྱོང་སྔོན་ལ་འཇོག་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ལྗང་མདོག་ཐོན་ལས་གཙོ་གནད་དུ་བཟུང་ནས་འཕེལ་རྒྱས་གཏོང་དགོས།  

    ཡུལ་སྐོར་ལས་རིགས་ལ“དུ་མེད་བཟོ་ལས”ཞེས་བརྗོད་ཀྱི་ཡོད་པས་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་མེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་ཡུལ་སྐོར་ཐད“ཁྱད་ལྡན། རྩེ་གྲ སྤུས་ལེགས”བཅས་ཀྱི་འཕེལ་རྒྱས་ཐབས་ལམ་གཏན་འཁེལ་བྱས་པ་དང“འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན”གྱི་དམིགས་ཚད་ལ་དམིགས་ཏེ། ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་པར་གཟུར་ཟའི་གྲུབ་འབྲས་ཐོབ་ཡོད། 2012ལོ་ནས་2021ལོའི་བར་བོད་ཀྱིས་ཁྱོན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་25836.81ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་3345.44ཟིན་ཡོད།

    བོད་ཀྱིས་སྤུས་ཚད་མཐོ་བའི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་གང་ལེགས་སྤྱད་དེ་དུས་རབས་20པའི་ལོ་རབས་80ནས་བཟུང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བ་དང་། དུས་རབས་21པར་ཡུལ་སྐོར་ལས་རིགས་དེ་ས་གནས་དེ་གའི་རྐང་འཛིན་ཐོན་ལས་སུ་གྱུར་ཡོད། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་ཞིང་། ད་ཆ་ཡུལ་སྐོར་ལས་རིགས་ཀྱི་ཡོང་འབབ་མང་དུ་ཕྱིན་པ་དེས་བོད་ཀྱི་གྲོང་མི་མང་པོར་ཡོང་འབབ་ཀྱི་ཐབས་ལམ་གསར་པ་བྱུང་བ་དང་ཆབས་ཅིག་མང་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཡང་ཆེ་རུ་ཕྱིན་ཡོད།

    ཡུལ་སྐོར་ལས་རིགས་དང་འབྲེལ་བ་དམ་ཟབ་ཡོད་པ་ནི་རིག་གནས་གསར་གཏོད་ཐོན་ལས་རེད། བོད་ལ་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་རིག་གནས་ཐོན་ཁུངས་ཡོད་ཅིང་། ཀྲུང་གོའི་སྤྱི་ཚོགས་ཀྱི་རིག་གནས་འཛད་སྤྱོད་དགོས་མཁོ་མགྱོགས་མྱུར་འཕར་བ་དང་དེ་བཞིན་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ“བོད་ཀྱི་རིག་གནས་ཚ་རླབས”རྒྱུན་ཆད་མེད་པར་འཕྱུར་བ་དང་བསྟུན་ནས། བོད་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ལ་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད།

    བོད་རང་སྐྱོང་ལྗོངས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་དམིགས་ཏེ། རིག་གནས་ཐོན་ལས་དེ་རྒྱལ་དམངས་དཔལ་འབྱོར་གྱི་གཙོ་རྟེན་ཐོན་ལས་གསར་པར་གཏོད་རྒྱུའི་དམིགས་ཚད་བཏོན་ནས། རིག་གནས་གསར་གཏོད་ཁེ་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་དང་རིག་གནས་གསར་གཏོད་ཀྱི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་དང་། ལྷག་པར་དུ་ཐང་ག་དང་། འཇིམ་བརྙན། ལྷ་མོ་སོགས་སྲོལ་རྒྱུན་སྒྱུ་རྩལ་རྒྱུན་འཛིན་དང་ཁྲོམ་ར་ཅན་འཕེལ་རྒྱས་གཏོང་ཆེད་རོགས་སྐྱོར་སྲིད་ཇུས་རབ་དང་ རིམ་པ་བཏོན་པ་རེད། 2022ལོར་བོད་ཀྱི་རིག་གནས་ཁེ་ལས་མི་འདྲ་བ་8000ལྷག་ཙམ་ཟིན་པ་དང་། ལས་ཞུགས་མི་སྣ་ཁྲི་7ཙམ་ཟིན་ནས་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར(ས་ཁུལ)རྫོང(ཆུས)བཅས་རིམ་བཞིའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི(གླིང་ཁུལ)234ཟིན་ཡོད་ཅིང་། 2022ལོར་བོད་ཀྱི་རིག་གནས་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་63.29ཟིན་ཡོད་པ་རེད།  

    ནུས་ཁུངས་ནི་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྨང་གཞི་ཡིན། བོད་ཀྱི་ཆུ་ནུས་དང་། རླུང་ནུས། ཉི་ནུས། ས་འོག་ཚ་ནུས་བཅས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་ནུས་རྒྱུ་གསར་སྤེལ་བྱེད་པའི་ས་ཁམས་ཆ་རྐྱེན་དང་མ་དངུལ་ལག་རྩལ་སོགས་ལ་འགྲན་སློང་འཕྲད་བཞིན་མཆིས།

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་བསམ་གཞིག་བྱ་ཆེད་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་གཙོ་གནད་ཁ་ཕྱོགས་སུ་བརྩིས་ནས་གཏོང་ཆ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། 2022ལོའི་ལོ་མཇུག་ཏུ་སླེབས་སྐབས་བོད་ཀྱི་གློག་ཤུགས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་613.4ཟིན་པའི་ནང་དྭངས་གཙང་ནུས་རྒྱུ་ཡིས་90%བཟུང་བ་དང་། བོད་ཀྱི་གྲོང་མིའི་རྒྱུན་གཏན་འཚོ་བའི་ནང་ནུས་རྒྱུའི་ཚབ་བྱེད་ཚད་70%ཡན་ཟིན་ཡོད། 2022ལོར་བོད་ཀྱིས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་22ཟིན་ནས། བོད་དང་ཐ་ན་རྒྱལ་ཡོངས་ཀྱི་ཐཱན་འབུད་ཚད་ཉུང་དུ་གཏོང་བར་ནུས་པ་ཆེན་པོ་ཐོན་ཡོད།

    ཕུན་སུམ་ཚོགས་པའི་གློག་ཤུགས་ཐོན་ཁུངས་དང་བསིལ་འཇམ་གྱི་གནམ་གཤིས་དེ་གྲངས་གཞི་ཆེ་མོའི་ཆ་འཕྲིན་ཐོན་ལས་ཀྱི་འཕེལ་རྒྱས་དང་འཚམ་པོ་ཡོད། བོད་ཀྱིས“ཤར་གྲངས་ནུབ་གྲངས་རྩིས”པའི་འཐབ་ཇུས་བཀོད་སྒྲིག་ལ་གཞིགས་ནས་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ཤར་རྒྱུད་དར་རྒྱས་ཆེ་བའི་ས་ཁུལ་གྱི་རྩིས་རྒྱག་སྟོབས་ཤུགས་ཀྱི་དགོས་མཁོ་དང་བསྟུན་ཏེ། འབྲེལ་ཡོད་ཐོན་ལས་ཤར་ནས་ནུབ་བར་ནུས་ལྡན་ངང་གཞན་སྒྱུར་བྱ་རྒྱུར་སྐུལ་ཁྲིད་བྱས་ཡོད། 2022ལོའི་ལོ་སྟོད་དུ་ལྗོངས་ཡོངས་སུ་གཞི་ཁྱོན་ཡན་གྱི་གྲངས་གཞིའི་དཔལ་འབྱོར་རིགས་ཀྱི་ཁེ་ལས་15ཡོད་པ་དང་། ལྷ་སའི་མཐོ་གསར་ཁུལ་གྱི་གྲངས་གཞིའི་དཔལ་འབྱོར་རིགས་ཀྱི་ཁེ་ལས་177ཟིན་ཡོད། 2021ལོར་གཞི་གྲངས་ཆེན་པོའི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་175ཟིན་ཡོད་པ་རེད།

    བོད་ཀྱིས་འབྱུང་འགྱུར་ལོ་5ཡི་ནང་5Gདང་། ལྗང་མདོག་གཞི་གྲངས་ལྟེ་གནས། ཟོག་འབྲེལ་དྲ་སྦྲེལ། བཟོ་ལས་དྲ་སྦྲེལ་སོགས་རྨང་གཞིའི་སྒྲིག་བཀོད་གསར་པ་བཀོད་སྒྲིག་བྱེད་མགྱོགས་སུ་བཏང་ནས། མཐོ་གསར་གྲངས་འཛིན་ཐོན་ལས་འཕེལ་རྒྱས་ མགྱོགས་སུ་བཏང་སྟེ་ཨེ་ཤ་ཡ་ལྷོ་མར་ཕྱོགས་པའི་གྲངས་འཛིན་གྲུ་ཁ་བསྐྲུན་པ་དང་། གྲངས་འཛིན་དཔལ་འབྱོར་གཞི་ཁྱོན་སྒོར་དུང་ཕྱུར་600ལས་བརྒལ་རྒྱུར་སྐུལ་འདེད་བཏང་སྟེ། གྲངས་འཛིན་དཔལ་འབྱོར་དེ་ས་མཐོའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་ པ་ཞིག་ཏུ་འགྱུར་རྒྱུ་རེད།

    མདོར་ན། ད་ཆ་ལྗང་མདོག་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་བོད་ཀྱི་འཐབ་ཇུས་གདམ་ག་ཞིག་ཡིན་ལ། སྤྱི་ཚོགས་ཐོག་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་དང་བསམ་འདུན་ཞིག་ཀྱང་རེད། ཞིང་འབྲོག་ལས་ནི་བོད་ཀྱི་སྲོལ་རྒྱུན་ཐོན་ལས་ཤིག་ཡིན་ལ་ལས་སྣོན་ལས་རིགས་མང་དག་ཅིག་འཕེལ་རྒྱས་འགྲོ་བའི་རྨང་གཞིའང་ཡིན། བོད་དུ་མི་འབོར་མང་དུ་ཕྱིན་པའི་དབང་གིས་འབྲུ་རིགས་དང་ཤ་རིགས་ཐོན་རྫས་མང་དུ་གཏོང་རྒྱུའི་ཐད་ལྡོག་མེད་ཀྱི་དགོས་མཁོ་བཏོན་ཡོད་མོད། འོན་ཀྱང་བོད་ཀྱིས་རྨོ་ཞིང་ རྒྱ་བསྐྱེད་དང་ཕྱུགས་རིགས་ཀྱི་གྲངས་འབོར་སྟབས་བདེའི་ངང་མང་དུ་གཏོང་རྒྱུའི་ཐབས་ཇུས་མཐའ་གཅིག་ཏུ་དོར་ཏེ། ལྗང་མདོག་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རྨོ་ཞིང་གི་རྒྱ་ཁྱོན་ཆེ་རུ་འགྲོ་རྒྱུར་ཚོད་འཛིན་ནན་པོ་བྱེད་པ་ དང་། སྐྱེ་ལྡན་ཞིང་ལས་འཕེལ་རྒྱས་བཏང་སྟེ། ཞིང་སྨན་དང་རྫས་ལུད་སྤྱོད་ཚད་མི་འཕར་བའི་ལམ་ལུགས་མཐའ་འཁྱོངས་བྱས་ཡོད། ཞིང་ལས་ཚན་རྩལ་ལ་བརྟེན་ནས“ཧི་མ་ལ་ཡའི་22”དང“བོད་ནས་ཨང་2000”སོགས་ཐོན་འབབ་མཐོ་བའི་ནད་འབུ་འགོག་པའི་ནས་ཀྱི་ས་བོན་གསར་པ་ཁྱབ་གདལ་བཏང་སྟབས། མུའུ་རེའི་ཐོན་འབབ་70%མཐོ་རུ་ཕྱིན་པ་དང་ལོ་རེའི་འབྲུ་རིགས་རིགས་ཀྱི་སྐྱེ་དངོས་ཏུན་ཁྲི་100ཡན་ཐོན་ནས་མི་འབོར་མང་དུ་ཕྱིན་པ་ལས་བྱུང་བའི་འཛད་སྤྱོད་ཀྱི་དགོས་མཁོ་བསྐངས་ཡོད།

    བོད་ཀྱིས་འབྲོག་ལས་འཕེལ་རྒྱས་ཐད་རྩྭ་ཕྱུགས་དོ་སྙོམས་ཀྱི་རྩ་དོན་ལག་བསྟར་ནན་པོ་བྱས་ནས། གནའ་བོའི“རེས་སྐོར་འཚོ་བའི”ལམ་ལུགས་རྒྱུན་མཐུད་བྱེད་པ་དང་། སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱས་ཡོད། དེ་དང་ཆབས་ཅིག་ཞིང་འབྲོག་ཟུང་འབྲེལ་བྱས་ཏེ། ཞིང་ལས་ཀྱི་སོག་མ་དང་འབྲུ་རིགས་སྤྱད་དེ་གཟན་རྩྭ་ཁ་གསབ་བྱེད་པ་དང་སྤུས་ལེགས་ཕྱུགས་རྒྱུད་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཤ་རིགས་ཐོན་ཤུགས་མང་དུ་བཏང་ཡོད། ཉེ་བའི་ལོ་ཤས་རིང་བོད་ཀྱི་ཤ་རིགས་ཐོན་རྫས་ཏུན་ཁྲི་30ཙམ་རྒྱུན་འཁྱོངས་ཐུབ་ཡོད།

    བོད་ཀྱིས་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་ལྗང་མདོག་ཐོན་ལས་དང་ཐོན་ལས་ལྗང་མདོག་འཕེལ་རྒྱས་ཀྱི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་སྟབས། ས་གནས་དེ་གའི་གྲོང་མིའི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པ་མ་ཟད། གངས་ལྗོངས་ས་མཐོའི་སྣོད་བཅུད་ཤེས་དཔལ་གྱི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་བཏོད་དེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱིས། འཛམ་གླིང་ལ་ཆ་ཚང་ལ་མཛེས་སྡུག་ལྡན་པའི“སའི་གོ་ལའི་རིམ་པ་གསུམ་པའི”སྣོད་བཅུད་མ་ལག་བཞག་ཡོད་པ་དང་། དེས་གོ་ལ་ཧྲིལ་པོའི་སྣོད་བཅུད་བདེ་འཇགས་དང་ཆུ་སྤྱོད་བདེ་འཇགས་ལ་འགན་ལེན་ནུས་ལྡན་ཐུབ་ཡོད།

    བཀྲ་ལོ་ནི་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དང་ཞིབ་འཇུག་པ་ཞིག་ཡིན། ཉི་མ་ཚེ་རིང་དང་། ཚེ་བརྟན་རྡོ་རྗེས་བསྒྱུར། 


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།